ཟླ12པའི་ཚེས24ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས། ཚོགས་ཐོག་ནས་བརྡས་ཐག་བཅད་དེ་རྩ་འཛུགས་ཡོད་པའི་སྒོ་ནས་ནག་ཉེས་བསགས་པར་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཞེས་པ་དང་། བརླན་ས་སྲུང་སྐྱོང་བཅའ་ཁྲིམས། གསར་དུ་བཟོ་བཅོས་བརྒྱབ་པའི་ཚན་རིག་ལག་རྩལ་ཡར་ཐོན་བཅའ་ཁྲིམས། འཛེར་སྒྲའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས། ས་བོན་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས། དམངས་དོན་གཏུག་བཤེར་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས། བཟོ་ཚོགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་བཅས་ལ་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་བརྡས་ཐག་བཅད་དེ་རིམ་པ་བཞིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་ས་གནས་རིམ་པ་སོ་སོའི་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་གཞི། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམས་བསྐོ་བྱ་རྒྱུར་འབུལ་རྒྱུའི་བྱ་ཐབས་ཀྱི་འཆར་ཟིན་སྐོར་གྱི་གྲོས་གཞི། ཨའོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམས་བསྐོ་བྱ་རྒྱུར་འབུལ་རྒྱུའི་བྱ་ཐབས་ཀྱི་འཆར་ཟིན་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་འཆམ་བྱུང་བར་མ་ཟད། གོང་གསལ་གྱི་འཆར་ཟིན་བཞི་པོ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་ལས་གཞན། ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་ལ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་གསལ་བཤད་བྱ་རྒྱུའི་མངགས་བཅོལ་ཡང་བྱས།
ཚོགས་ཐོག་ནས་བརྡས་ཐག་བཅད་དེ་གསར་དུ་བཟོ་བཅོས་བརྒྱབ་པའི་དཔལ་འབྱོར་ལས་དོན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ཞེས་པར་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུའི་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ཞེས་པར་གྲོས་འཆམ་བྱུང་། གཏན་འབེབས་ལྟར་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་པེ་ཅིང་དུ་འཚོག་རྩིས་ཡོད།
ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། 2022ལོར། ཏང་ཀྲུང་དབྱང་གིས་གལ་འགངས་ཆེ་ཞིང་དོན་སྙིང་ཆེན་པོ་ལྡན་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་རེད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་སྔར་ལས་ཇེ་དྲུག་ཏུ་གཏོང་བ་དང་ཡིད་ཆེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་བྱེད་དགོས་པ་གཉིས་བཟང་པོར་སྒྲུབ་ཐུབ་པ་བཅས་བྱས་ནས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་རྩ་འཛུགས་ཀྱི་གྲ་སྒྲིག་ལས་དོན་ཞིབ་ཚགས་ངང་སྒྲུབ་པ་བཅས་བྱས་ནས། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་བྱེད་དགོས།