ཟླ12པའི་ཚེས20ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཞི་རིམ་ཁྲིམས་འཛུགས་འབྲེལ་འདྲིས་ས་གནས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། གསར་དུ་ཁ་གསབ་བྱས་པའི་ཁྲིམས་འཛུགས་འབྲེལ་འདྲིས་ས་གནས་དགུ་ལ་སྒོ་བྱང་བྱིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་མཱ་ཝེ་ཚོགས་འདུར་ཞུགས་ནས་གཏམ་བཤད།
མཱ་ཝེ་ཡིས་བཤད་རྒྱུར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཞི་རིམ་ཁྲིམས་འཛུགས་འབྲེལ་འདྲིས་ས་གནས་བཙུགས་པའི་ཚུན་ལ། ས་ཁུལ་ཀྱི་ཁྲིམས་འཛུགས་བྱ་འགུལ་ལ་ཧུར་ཐག་གིས་ཞུགས་པ་དང་། དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་། དམངས་སེམས་ལ་ཉན་པ། དམངས་ཀྱི་བློ་གྲོས་གཅིག་བསྡུས་བཅས་བྱས་ནས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་ཆེད་དང་། ཁྲིམས་འཛུགས་ཕན་ནུས་མཐོར་འདེགས་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས།
མཱ་ཝེ་ཡིས་ནན་གྱིས་བསྟན་དོན། གཞི་རིམ་ཁྲིམས་འཛུགས་འབྲེལ་འདྲིས་ས་གནས་འཛུགས་བསྐྲུན་དང་ལག་བསྟར་བྱེད་པ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་དང་ལག་བསྟར་བྱེད་པ་ཡིན་ལ། དམངས་ཆེན་ཁྲིམས་འཛུགས་བྱ་བ་དུས་བསྟུན་མདུན་བསྐྱོད་དང་། གསར་གཏོད་འཕེལ་རྒྱས་ཀྱི་གོ་རིམ་གལ་ཆེན་ཞིག་ཀྱང་ཡིན། གཞི་རིམ་ཁྲིམས་འཛུགས་འབྲེལ་འདྲིས་ས་གནས་ཀྱི་བྱ་བའི་བྱེད་ཐབས་གསར་གཏོད་བྱེད་པ་དང་། རང་སྟེང་གི་ཐོན་ཁུངས་དགེ་མཚན་སྔོག་འདོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཁྲིམས་འཛུགས་ཀྱི་མང་ཚོགས་རྨང་གཞི་དང་ལག་ལེན་རྨང་གཞི། ལས་དོན་རྨང་གཞི་བཅས་བརྟན་པོ་བཟོ་དགོས། དོ་དམ་འཁོར་སྐྱོད་དང་གྲུབ་འབྲས་གཞན་སྒྱུར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་འབྲེལ་གནས་ཀྱི་དྲ་མིག་ལ་གཞི་བཅོལ་ནས། རྒྱུན་རྣམ་ཅན་གྱི་ཐབས་ཤེས་སྤྱད་དེ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱེད་སའི་སྟེགས་བུ་འཛུགས་པ། འགན་སྲུང་ཞབས་ཕྱི་ཤུགས་དྲག་ཏུ་གཏོང་བ་དང་། ཁྲིམས་འཛུགས་ཁྲོད་ཞུགས་ཚད་ཇེ་མང་དུ་གཏོང་བ། ཁྲིམས་འཛུགས་ལ་ཞུགས་པའི་ནུས་པ་མཐོར་འདེགས་དང་བྱ་བའི་སྤྱིའི་ཕན་ནུས་ཆེ་རུ་བཏང་ནས། ཁྲིམས་འཛུགས་བྱ་བ་དེ་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་དང་མངོན་པར་མཚོན་བྱེད་ཀྱི་དོན་དངོས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱེད་དགོས།