ཟླ12པའི་ཚེས4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་སྐབས་བརྒྱད་པ་ཡིན་ལ། “རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”སྐབས་བཞི་བའང་ཡིན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་གཏིང་ཟབ་སྒོས་སློབ་སྦྱོང་དང་། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ། རྩ་ཁྲིམས་ཀྱི་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་ལ་སྐུལ་འདེད་བྱ་ཆེད། ཟླ11པའི་ཚེས29ཉིན་གྱི་སྔ་དྲོའི་ཆུ་ཚོད9པའི་སྟེང་། ཀྲུང་གུང་རྨ་སྟོད་རྫོང་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྫོང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཁྲིམས་བརྩི་ཁྲིམས་ཁྱབ་རོགས་འདེགས་ཚོ་ཆུང་གིས་རྫོང་ཁྲིམས་འཛིན་ཅུའུ་དང་མཉམ་འབྲེལ་བྱས་ཏེ། “ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་མཛུབ་སྟོན་འོག བློ་བརྟན་འགྱུར་མེད་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་པ”ཞེས་པ་བརྗོད་བྱ་རུ་བཟུང་སྟེ། རྫོང་ཡོངས་ཀྱི་སྡེ་ཁག་སོ་སོ་གེ་སར་ཐང་ཆེན་དུ་རྩ་འཛུགས་བྱས་ཏེ། “ཁྲིམས་སྐྱོང་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་བསྡུས།
བྱ་འགུལ་གྱི་སྐབས་སུ། དྲིལ་སྒྲོག་མིང་རྟགས་འགོད་པའི་ལམ་ལུགས་ལག་བསྟར་བྱས་ཤིང་། སྡེ་ཁག་སོ་སོས“སུས་ཁྲིམས་ལག་བསྟར་བྱེད་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དང་། སུས་ཞབས་ཕྱི་སྒྲུབ་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ། སུ་དོ་དམ་པ་གཙོ་བོ་ཡིན་ན་དེས་འགན་འཁུར་དགོས་པའི”ཁྲིམས་ལུགས་ཁྱབ་གདལ་བྱ་བའི་འགན་འཁུར་ལམ་ལུགས་གཏིང་ཟབ་སྒོས་ལག་ཏུ་བསྟར་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཚོང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན། རྩ་ཁྲིམས་དང་དམངས་དོན་ཁྲིམས་གཞུང་སོགས་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས། རིམས་ནད་སྔོན་འགོག་ཚོད་འཛིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད། སྤྱི་པའི་འཕྲོད་བསྟེན། གནོད་འགོག་གནོད་སེལ་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་པ་གཙོར་བཟུང་སྟེ། འཕྲེད་དར་འཐེན་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་འགྲེམ་བྱང་བཀྲམ་པ་དང་། ཡུལ་དངོས་སུ་རིན་མེད་སྒོས་བཅའ་ཁྲིམས་བློ་འདྲིར་ལན་འདེབས་པ་སོགས་ཀྱི་ལམ་ནས་དྲིལ་སྒྲོག་གཟའ་འཁོར་བྱ་འགུལ་གྱི་མགོ་བརྩམས་པས། ལས་ཀ་དོན་ཐོག་ཏུ་སྨིན་ཞིང་ཕན་འབྲས་མངོན་གསལ་བླངས་ཡོད།
ཐེངས་འདིའི་བྱ་འགུལ་སྟེང་ད་དུང་ཁྲིམས་ལུགས་དྲིལ་སྒྲོག་རྒྱུ་ཆ2000ལྷན་བཀྲམ་ཞིང་། མི20ལྷག་གི་བཅའ་ཁྲིམས་བློ་འདྲིར་ལན་བཏབ། ཕྱི་དྲོར། རྫོང་ཁྲིམས་འཛིན་ཅུའུ་ཡིས་སྡེ་ཁག18རྩ་འཛུགས་བྱས་ཏེ། བརྙན་ལམ་ནས2021ལོའི་རྒྱལ་ཡོངས“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་གྱི་མགོ་རྩོམ་མཛད་སྒོའི་སྟེང་ཞུགས་སུ་བཅུག
གཅིག་བསྡུས་ཀྱིས་དྲིལ་སྒྲོག་བྱ་འགུལ་སྤེལ་བ་འདིས། གོམ་གང་མདུན་སྤོས་ཀྱིས“འདུ་ཤེས་བཞི”ཇེ་དྲག་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ། མུ་མཐུད་ནས་རྩ་ཁྲིམས་ཀྱི་སློབ་སྦྱོང་དང་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ། རྩ་ཁྲིམས་ཀྱི་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ་ཕྱོགས་ཡོངས་ནས་རྩ་ཁྲིམས་ཀྱི་ལག་བསྟར་ལ་སྐུལ་འདེད་བཏང་ནས། མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་པའི་རང་རྟོན་དང་རང་རྟོགས་འདུ་ཤེས་ཇེ་བརྟན་དུ་བཏང་།