མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མགོ་ལོག་ཁུལ་སྐོར་སྐྱོད་ཁྲིམས་རས་ཆང་བཏུང་རྗེས་རླངས་འཁོར་སྐོར་མཁན་གཉིས་ལ་ཁྲིམས་ཐག་བཅད་འདུག

ཡེ་ཤེས་སྒྲོལ་མ།  2021-11-03 15:41:36 

ཟླ10པའི་ཚེས27ཉིན་གྱི་ཆུ་ཚོད10སྟེང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྐོར་སྐྱོད་ཁྲིམས་རས་ཉེན་ཁ་ཡོད་པའི་འཁོར་གཏོང་གྱོད་གཞི་ཡོངས་བསྒྲགས་ངང་འདྲི་ཞིབ་བྱས་ནས། དུང་དཀར་ཁ་ལོ་བའི་སློབ་གྲྭར་སྤྱི་ལ་ཁ་གཏོད་དེ་ཁྲིམས་ར་བཙུགས། རྨ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་སྐོར་ཞིབ་ཁྲིམས་ར་ཆང་བཏུང་རྗེས་རླངས་འཁོར་བསྐོར་བའི་གྱོད་གཞི་གཉིས་གཅིག་སྡུད་ཐོག་སྐོར་སྐྱོད་འདྲི་ཞིབ་བྱས། མགོ་ལོག་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྤྱི་ཚོགས་ལྟ་སྐུལ་བ། ལས་ཁུངས་དང་ཁེ་ལས་དོན་ལས་ལས་ཁུངས་ཀྱི་རླངས་འཁོར་བདེ་འཇགས་དོ་དམ་གྱི་འགན་འཁུར་བ། སྐྱེལ་འདྲེན་ཁེ་ལས་ཀྱི་བདེ་འཇགས་པ། སྨྱན་སྦྱོར་གྱི་གསར་འགོད་པ། ཁ་ལོ་བའི་འཛིན་ཡིག་རྒྱུགས་སྤྲོད་སློབ་མ་སོགས་མི300ལྷག་གིས་ཟུར་ཉན་བྱས།    

འདྲི་གཅོད་པའི་ཞུ་སྦྱོར་ཕྱི་མ་བ་གཉིས་པོ་ནི། ཆང་འཐུངས་ནས་རླངས་འཁོར་བསྐོར་བས་མགོ་ལོག་ཁུལ་རྨ་ཆེན་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ས་དེ་གར་རྩད་ཆོད་པ་ཞིག་རེད། ཁྲིམས་སའི་འདྲི་གཅོད་དེ་ཁྲིམས་དཔོན་གྱི་གཙོ་སྐྱོང་འོག་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། ཁྲིམས་སའི་བརྟག་དཔྱད་དང་། ཁྲིམས་སའི་རྩོད་བཤེར་དང་དོ་བདག་གི་མཐའ་མའི་གསལ་བཤད་སོགས་ཀྱི་གོ་རིམ་བརྒྱུད་རྗེས། ཞུ་སྦྱོར་ཕྱི་མ་གཉིས་པོས་ཁྲིམས་སྦྱོར་ཞུ་ཡིག་ནང་ཞུ་གཏུག་བྱས་པའི་ཉེས་བསགས་དོན་དངོས་ལ་བསམ་འཆར་མི་མཐུན་པ་མེད་པ་མ་ཟད། རང་ཉིད་ཀྱི་ཉེན་ཁའི་ངང་རླངས་འཁོར་བསྐོར་བའི་བྱ་སྤྱོད་ལ་འགྱོད་པ་སྐྱེ་གི་ཡོད། སྐོར་སྐྱོད་ཁྲིམས་རས་འདྲི་གཅོད་དང་པོའི་ནང་ཞུ་སྦྱོར་ཕྱི་མ་ཚའོ་ཆེ་གེ་མོས་ཉེན་ཁ་ཡོད་པའི་རླངས་འཁོར་བསྐོར་བའི་ཉེས་པ་བསགས་པར་བཙན་ཉར་ལས་སྐུལ་ཟླ་བ་ལྔ་དང་། ཉེས་ཆད་ཕྱིར་འགྱངས་ཟླ་བ་བརྒྱད་བྱས་པ་མ་ཟད། དངུལ་ཆད་སྒོར3000ཡང་བཅད་པ་དང་། ཞུ་སྦྱོར་ཕྱི་མ་ཡང་ཆེ་གེ་མོས་ཉེན་ཁ་ཅན་གྱི་རླངས་འཁོར་བསྐོར་བའི་བྱས་ཉེས་བསགས་པར། བཙན་ཉར་ལས་སྐུལ་གྱི་ཉེས་ཆད་ཟླ་བཞི་དང་། ཉེས་ཆད་ཕྱིར་འགྱངས་ཟླ་དྲུག་བྱས་པར་མ་ཟད། ད་དུང་སྒོར2000ཀྱི་དངུལ་ཆད་བཅད།

སྐོར་སྐྱོད་ཁྲིམས་རས་རླངས་འཁོར་རྫིག་པོར་གཏོང་བའི་གྱོད་གཞིར་སྒོ་འབྱེད་ཁྲིམས་ར་བཙུགས་ཏེ་ཞིབ་གཅོད་བྱས་པ་དེས། སྤྱི་ཚོགས་ལས་རིགས་ཁག་གིས་ཉེན་ཁ་ཡོད་པའི་འཁོར་གཏོང་གི་གནོད་འཚེའི་རང་བཞིན་སྔར་བས་ཐད་ཀར་ཤེས་རྟོགས་ཐུབ་པ་དང་། བཅའ་ཁྲིམས་ཀྱི་འདུ་ཤེས་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ། “གྱོད་གཞི་གཅིག་ཞིབ་གཅོད་དང་གྱོད་གཞི་གཅིག་ལ་སློབ་གསོ་ཐེབས་པའི”བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་གི་ཕན་འབྲས་ཐོན་པ། འགྲིམ་འགྲུལ་བདེ་འཇགས་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་བཅའ་ཁྲིམས་ཁྱབ་གདལ་གྱི་ལམ་སྲོལ་གསར་པ་བཙུགས་པ་བཅས་རེད།


རྩོམ་སྒྲིག་པ། ཡོས་བུ།