ཟླ10པའི་ཚེས16ཉིན་གྱི་སྔ་དྲོར། 2021ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་ཡིག་རྒྱུགས་གཏོང་མགོ་བརྩམས། ད་ལོར། མཚོ་སྔོན་ཞིང་ཆེན་དུ་ཐོ་འགོད་བྱས་པའི་སློབ་མ5332ཟིན་པའི་ནང་རྒྱ་ཡིག་རྒྱུགས་ཞུགས་སློབ་མ5057དང་། བོད་ཡིག་རྒྱུགས་ཞུགས་སློབ་མ275ཡོད་པ་ན་ནིང་ལས12.10%འཕར་ཡོད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཡིག་རྒྱུགས་ནང་རང་ངོས་ཀྱི་ནང་དོན་དང་ཕྱི་རོལ་ཡུལ་གྱི་རྒྱུགས་གཞིར་དབྱེ་ཡོད། ཕྱི་རོལ་ཡུལ་གྱི་རྒྱུགས་དེ་ཟླ10པའི་ཚེས16དང་ཚེས17ཉིན་ལེན་རྒྱུ་དང་། རང་ངོས་ཀྱི་རྒྱུགས་གཞིའི་རྒྱུགས་དེ་ཟླ11པའི་ཚེས21ཉིན་ལེན་རྒྱུ་རེད། ཕྱི་རོལ་ཡུལ་གྱི་རྒྱུགས་གཞིར་ཞིང་ཡོངས་སུ་ཡིག་རྒྱུགས་ས་ཚུགས4དང་རྒྱུགས་ར66བཀོད་སྒྲིག་བྱས་ཡོད། ཡིག་རྒྱུགས་དེ་ཁག་ཐེངས་གཉིས་ལ་དབྱེ་བ་དང་ཁག་རེའི་རྒྱུགས་སྤྲོད་སློབ་མའི་མི་གྲངས2666ཟིན་ཡོད། ཡིག་རྒྱུགས་ལ་བདེ་བླག་ཡོང་བར་ཁག་ཁུར་བྱ་ཆེད། རང་ཞིང་གིས་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ཡིག་རྒྱུགས་མཚོ་སྔོན་གྱི་རྒྱུགས་ཁུལ་མཐུན་སྦྱོར་ཚོ་ཆུང་བཙུགས་པ་དང་། ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁྲི་དང་ལས་འགན་ཁ་གསལ་བཟོས་པར་མ་ཟད། མཐུན་སྦྱོར་ཚོ་ཆུང་གི་མཉམ་ཞུགས་ཚོགས་འདུ་དང་ཡིག་རྒྱུགས་གོང་གི་གསོ་སྦྱོང་ཚོགས་འདུ་འཚོགས་ནས་བཀོད་སྒྲིག་ཞིབ་ཚགས་བྱས། དེ་དང་ཆབས་ཅིག །རིམས་ནད་འགོག་ཟོན་དང་ཡིག་རྒྱུགས་ཀྱི་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཐོག །རིམས་ནད་བྱུང་ཚུལ་ཐག་གཅོད་ཀྱི་འཕྲལ་སྡོམ་སྔོན་ཇུས་དང་ཡིག་རྒྱུགས་སྒྲིག་འཛུགས་ཀྱི་ལག་བསྟར་ཇུས་གཞི་བཟོས་སོ།།