ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བདུན་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཐ་ན་དེ་ལས་རིང་བའི་དུས་ཡུན་གྱི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་གཞི་ཡིན་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ལ་འབྲེལ་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དཔལ་འབྱོར་གྱི་བླང་བྱ་ཁོ་ན་མིན་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་སྤྱིའི་བླང་བྱ་ཡིན་པ་དང་། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱི་བླང་བྱ་ཁོ་ན་མིན་པར་ས་ཁུལ་ཚང་མའི་འཕེལ་རྒྱས་ཐད་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་བླང་བྱ་ཡིན་ལ། དུས་གཅིག་དོན་གཅིག་གི་བླང་བྱ་མིན་པར་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་ཡིན། ས་ཁུལ་སོ་སོས་དོན་དངོས་གནས་ཚུལ་ལ་སྦྲེལ་ནས། ཡུལ་བབ་དང་བསྟུན་པ་དང་དགེ་སྤེལ་སྐྱོན་སྤང་བྱས་ཏེ། ས་ཁུལ་རང་གི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། ཐོག་མཐའ་བར་གསུམ་ཏུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སེམས་སུ་བཅངས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་དམངས་ཚིས་བདེ་སྐྱིད་མཐོར་འདེགས་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་བསྐོང་བར་ཟུང་སྦྲེལ་དམ་པོ་བྱས་ནས། སྐྱེ་ཁམས་དམིགས་བསལ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པ་བཅས་ནུས་ལྡན་གྱིས་མཉམ་སྦྲེལ་དང་ཕན་ཚུན་གྲོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཟླ3པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཚོགས་འདུའི་སྟེང་ཝང་ཅན་ཅུན་དང་ཨ་ཧྲིན་ཆིན། ཁུང་ཆིན་ཅུའུ། བཀྲ་ཤིས་རྡོ་རྗེ། མིན་ཧའེ། ཧྲ་ཧྥིན་བཅས་འཐུས་མི་དྲུག་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དང་། མདོ་ལ་རི་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་འགྱུར་ལྡོག་གསར་པ། མུ་རི་སོལ་གཏེར་གྱི་ཕྱོགས་བསྡུས་བཅོས་སྐྱོང་བཟང་བོར་སྤེལ་བ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་གནད་དོན་ཐད་ཀྱི་བསམ་ཚུལ་གླེང་། ཞི་ཅིན་ཕིང་གིས་བསམ་ཚུལ་ལ་ཉན་ཞོར་དུ་ཟིན་བྲིས་བཏབ་པར་མ་ཟད། མཚམས་མཚམས་སུ་དྲི་བ་བཏོན་ནས་འཐུས་མི་རྣམས་དང་བརྗེ་རེས་བྱས།
འཐུས་མི་རྣམས་ཀྱིས་གཏམ་བཤད་པར་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གནང་། ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལོ་གཅིག་རིང་གི་བྱ་བ་དང་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་འཕེལ་རྒྱས་ལ་ཁས་ལེན་གང་ལེགས་མཛད་ཅིང་། མཚོ་སྔོན་གྱི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། མི་དམངས་དཀྱིལ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་སྒོ་འབྱེད་བསྟུད་མར་ཟབ་སྤེལ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། གཟི་བརྗིད་ཀྱི་གོམས་སྲོལ་དང་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་བཅས་བྱས་ཏེ། སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པ་བཅས་ཀྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་སྲིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱུན་མ་ཆད་པར་གྲུབ་འབྲས་གསར་པ་ལེན་དགོས་པ་དང་། དུས་རབས་གསར་པའི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་དགོས་པའི་ཐུགས་རེ་བཏོན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ངེས་པར་དུ་དམ་འཛིན་ལེགས་འཛིན་བྱེད་དགོས་པའི་བྱ་བ་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ན། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས། མཚོ་སྔོན་གྱི་ཁྱད་སྟོབས་དང་ཐོན་ཁུངས་ལ་ཟུང་སྦྲེལ་བྱས་ཏེ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་པ། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་བསྐྲུན་པ་དང་། ལྗང་མདོག་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བཙུགས་ནས། ས་ཁུལ་རང་གི་ཁྱད་ཆོས་མཚོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་དགོས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་ཡུན་གཏན་འཕེལ་རྒྱས་ཐད་ལས་འགན་ཆེན་པོ་ཁུར་ཡོད་པས། ངེས་པར་དུ་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འགན་འཁྲི་ལྕི་མོ་བཟང་བོར་ཁུར་ནས། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་ཁུར་དགོས། ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་འབད་བརྩོན་ཧ་ཅང་ཆེན་པོ་བྱས་ཡོད་ནའང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྕི་ཞིང་ལམ་ཐག་རིང་། སྐྱེ་ཁམས་སྲུང་སྐྱོབ་དེ་གོ་གནས་དང་པོར་བཞག་པ་ལས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་རང་རྟོགས་མཚོན་ཡོད། རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་ཀྱི་རྣམ་པ་ལེགས་སྒྱུར་བྱེད་པ་དང་། བྱེད་ནུས་གཙོ་བོའི་ཁུལ་གྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་དང་མ་ལག་མྱུར་དུ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཡུལ་སྐོར་གོང་དུ་སྤེལ་བ་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྐྱེ་ཁམས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་དག་ཐེར་མཐའ་འཁྱོལ་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པའི་ཐད་ནས་ཀུན་གྱི་སྔོན་ལ་བསྐྱོད་དེ། སྔོ་ལྗང་གི་རི་ཆུ་དེ་དུས་གཏན་དུ་མཚོ་སྔོན་གྱི་ཁྱད་སྟོབས་དང་ང་རྒྱལ་དུ་འགྱུར་བར་བྱས་ནས། མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པ་དང་བུ་རབས་ཚ་རྒྱུད་ལ་ཕན་འདོགས་དགོས་ཟེར།
ཟླ3པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དམངས་ཚིས་ཞན་ཆ་ཧུར་ཐག་གིས་ལེགས་པར་གསབ་པ་དང་། དམངས་ཚིས་དཀའ་གནད་སེལ་བ། དམངས་ཚིས་མཐའ་ཐིག་བརྟན་པོར་སྐྱོར་བ། ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་ཀྱི་དམངས་ཚིས་དོན་དངོས་བཟང་བོར་སྒྲུབ་ནས། སྤྱི་ཐུན་ཞབས་ཞུ་མྱོང་ཆོག་པའི་རང་བཞིན་དང་དེའི་དོ་མཉམ་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་གྱིས་གོང་འཕེལ་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་བར་གྱི་ནུས་ལྡན་སྦྲེལ་མཐུད་མངོན་འགྱུར་གྱིས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་ལ་ཤུགས་སྣོན་པ། དཔལ་ཡོན་ཡུལ་སྲོལ་གསོ་སྐྱོང་བྱེད་པ་བཅས་བྱས་ཏེ། མཛེས་སྡུག་ལྡན་ཞིང་འཚོ་གནས་ལ་འཚམ་པ། བྱ་གཞག་དར་ཞིང་མི་སེམས་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་གྲོང་གསར་པ་འཛུགས་སྐྲུན་བྱེད་དགོས། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་ཤུགས་སྣོན་པ་དང་། མི་རིགས་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་གཏོང་བ། རིགས་སོ་སོའི་མང་ཚོགས་ལ་དོན་བཟང་དང་དོན་དངོས་མང་དུ་སྒྲུབ་པ་དང་དཀའ་གནད་མང་དུ་སེལ་བ། རིགས་སོ་སོའི་མང་ཚོགས་ཐུན་མོང་གི་འབྱོར་ཕྱུག་ལ་ཡར་སྐུལ་བྱེད་པ། རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོར་ཡར་སྐུལ་བྱེད་པ་བཅས་བྱས་ཏེ། ལག་གདང་མཉམ་སྦྲེལ་གྱིས་མཛེས་པའི་ཁྱིམ་གཞི་འཛུགས་སྐྲུན་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱས་ཏེ། སྤྱི་ཐུན་བདེ་འཇགས་ཀྱི་འཕྲལ་བསྟུན་ཁ་གཏད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཉེན་ཁ་དང་བར་ཆད་སྣ་ཚོགས་དུས་ལྟར་སེལ་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་ཁག་ཐེག་བྱེད་དགོས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་གོང་འཕེལ་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་འགན་གལ་ཆེན་ཞིག་ནི་ཏང་ཡོངས་ཀྱི་བློ་མཐུན་གྱིས་ཕུགས་བསམ་དད་མོས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པར་སློབ་སྟོན་བྱེད་རྒྱུ་དེ་ཡིན། ཏང་ཀྲུང་དབྱང་གིས་དེར་བཀོད་སྒྲིག་བྱས་ཟིན་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ་དངོས་གནས་ཕན་འབྲས་ཐོབ་པར་དམ་འཛིན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་དུ། དམར་པོའི་ཐོན་ཁུངས་བཀོལ་སྤྱོད་གང་ལེགས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཕུགས་བསམ་དད་མོས་ཇེ་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། རྒྱུན་མ་ཆད་པར་འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་ཆེར་གཏོང་བ་དང་། འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་བཏང་ནས། རྙོག་འཛིང་གི་གནས་བབ་མདུན་དུ་མགོ་མི་རྨོངས་པ་དང་དཀའ་ཚེགས་ཀྱི་འཐབ་རྩོད་མདུན་དུ་ཕྱིར་སྣུར་མི་བྱེད་པའི་སློབ་སྟོན་བྱེད་དགོས། སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་གསོ་སྤེལ་བ་བརྒྱུད་དེ། རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་དུ་ན་གཞོན་ལོ་ཆུང་དག་ལ་ཁྲིད་སྟོན་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར“ནུས་པ”དང་། མར་ཁེ་སི་རིང་ལུགས་ཅིའི་ཕྱིར“ཆོག་པ”། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར“བཟང་བ”སོགས་ཀྱི་གཞི་རྩའི་གནས་ལུགས་གསལ་པོར་རྟོགས་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་བྱས་རྗེས་འཇོག་ཏུ་འཇུག་དགོས་ཟེར།
ཏེན་ཞུའེ་ཞང་དང་ཁྲིན་ཞི། ཡུག་ཆོན་སོགས་གྲོས་ཞིབ་ལ་ཞུགས།
ཟླ3པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།