ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།
ཟླ་གསུམ་པའི་ཚེས་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་ལྔ་ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་བཞིན་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་སྤྱི་ཁོག་ཅིག་ཡིན་པས། ངེས་པར་དུ་ཆ་ཚང་བ་དང་ཡང་དག་པར་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་དངོས་འབེབས་བྱས་ནས། འཕེལ་རྒྱས་གཏོང་སྟངས་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་སིམ་འདྲེས་ཡོང་བར་ཤུགས་སྣོན་དགོས། མི་རིགས་མཐུན་སྒྲིལ་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་དཔེ་སྟོན་རང་སྐྱོང་ཁུལ་གྱི་བླ་མེད་མཚན་སྙན་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་ཁྱོན་ཡོངས་སྔར་ལས་སྲ་བརྟན་འཕེལ་རྒྱས་སུ་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དམ་པོར་བཟུང་ནས། སློབ་གསོས་ཏང་ཡོན་ཡོངས་ལ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པར་སྣེ་འདོམས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ལ་འཆར་གཞི་གང་ལེགས་འགོད་དགོས་ཟེར།
ཞི་ཅིན་ཕིང་གིས་ཚང་མའི་གཏན་བཤད་གལ་ཆེན་ལ་གསན་རྗེས་གསུང་བཤད་གནང་། ཁོང་གིས་ཐོག་མར་སྲིད་གཞུང་བྱ་བའི་སྙན་ཞུར་མོས་མཐུནཡིན་པ་དང་། ནང་སོག་གིས་འདས་པའི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་བྱས་པར་མ་ཟད།ནང་སོག་གི་བློ་མཐུན་རྣམས་ཀྱིས་བརྟན་ཐོག་ཡར་འཕེལ་གྱི་བྱེད་ཕྱོགས་གཙོ་བོ་རྒྱུན་འཁྱོངས་དང་། མི་དམངས་སྲོག་ཤིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་སྟེང་ནས་རྐང་ཚུགས་པར་བྱེད་རྒྱུ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་འཛུགས་སྒྲུབ་བྱེད་པ། ནང་སོག་འདི་ཉིད་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་ཞིག་དང་མེས་རྒྱལ་བྱང་རྒྱུད་ཀྱི་བདེ་འཇགས་བརྟན་འཇགས་ཀྱི་ལྕགས་རི་གལ་ཆེན་ཞིག་ཏུ་བརྩིས་ཏེ་འཕེལ་རྒྱས་གཏོང་དགོས་ལ། རྒྱལ་ཁབ་ཀྱི་ནུས་ཁུངས་གལ་ཆེན་དང་འཐབ་ཇུས་ཐོན་ཁུངས་རྟེན་གཞི་གལ་ཆེན། ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་གལ་ཆེན་བཅས་སུ་འཛུགས་སྐྲུན་བྱས་ནས། རང་རྒྱལ་བྱང་ཕྱོགས་སྒོ་འབྱེད་ཀྱི་འཐབ་ཇུས་གནས་ཐིག་གལ་ཆེན་དུ་འགྱུར་བར་བྱེད་རྒྱུ་དང་། རིམས་འགོག་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ་དང་ནང་ནས་ཡང་བསྐྱར་མཆེད་པར་སྔོན་འགོག་བྱས་ཏེ། ནང་སོག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་བཏོད་པའི་ཁྲོད་ནས་ལེའུ་གསར་པ་འབད་པས་བརྩམས་མཐར། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་འཁྲུངས་སྐར་བསུ་དགོས་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ནང་སོག་གིས་རྒྱལ་ཡོངས་ཀྱི་འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པའི་ཁྲོད་ཟིན་པའི་གནས་ཐིག་ལ་གོ་བ་མ་ནོར་བ་ལེན་རྒྱུ་དང་། རང་སྟེང་གི་དགེ་མཚན་ཁྱབ་ཁོངས་དང་མི་འདང་སའི་ཞན་ཆར་དབྱེ་ཞིབ་ཟབ་མོ་བྱེད་རྒྱུ། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་བོ་དང་རྒོལ་ཕྱོགས་གཙོ་བོའི་ཁ་ཕྱོགས་མངོན་གསལ་ཅན་དུ་གཏོང་བ། འབྲེལ་ཡོད་ཐོན་ལས་ཚད་མཐོ་ཅན་དང་ཤེས་ནུས་ཅན། ལྷད་མེད་ཅན་བཅས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཡུལ་བབ་དང་བསྟུན་ནས་འཐབ་ཇུས་རང་བཞིན་གྱི་ཐོན་ལས་དང་སྔོན་ཐོན་སྒྲིག་བཟོའི་ལས་རིགས་འཕེལ་རྒྱས་སུ་བཏང་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་དགོས། བཟང་ཆ་འདོན་སྤེལ་དང་ཞན་ཆ་འགོག་པ། དགེ་མཚན་ལྡན་ལ་ཕན་འབྲས་ལོན་པའི་གསོ་སྐྱོང་ཐད་དོ་སྣང་གང་ལེགས་བྱས་ཏེ། ཤུགས་ཆེན་པོས་སྒྲིག་གཞི་སྙོམ་པ་དང་བྱེད་ནུས་བསྒྱུར་བ། སྤུས་ཚད་མཐོ་རུ་གཏོང་བ་བཅས་ལ་འབད་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག། བཀོད་སྒྲིག་གསར་གཏོད་སྦྲེལ་ཐག་བཅས་ལ་དམིགས་ནས། ཚན་རྩལ་འདེགས་སྐྱོར་གྱི་ནུས་པ་མངོན་སུམ་གྱིས་ཇེ་ཆེར་གཏོང་དགོས། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་རྒྱུ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཧུར་བརྩོན་ཆེན་པོས་རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་མཉམ་སྐྲུན་བཅས་བྱས་མཐར། སྤུས་ཚད་མཐོ་བའི་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
ཏིན་ཞུའེ་ཞང་དང་ཧི་ལིས་ཧྥིན་སོགས་གྲོས་ཞིབ་ལ་ཞུགས།