མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་གྲོས་ཚོགས་ཟི་ལིང་དུ་འཚོགས་པ།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་གྲོས་ཚོགས་ཟླ3པའི་ཚེས1ཉིན་གྱི་ཕྱི་དྲོར་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྐུལ་སློང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ལོ་ཧྲིལ་པོའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ། ཏང་གི་ལོ་རྒྱུས་ལ་སྔར་ལས་གཅེས་སྤྲས་བྱེད་པ་དང་ཏང་གི་ལོ་རྒྱུས་ལ་ཞིབ་འཇུག་ཟབ་མོ་བྱེད་པ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་ནན་མོ་བྱེད་པ། ཏང་གི་ལོ་རྒྱུས་ཁྱོན་ཡོངས་ནས་དྲིལ་སྒྲོག་བྱེད་པ། ཏང་གི་ལོ་རྒྱུས་བཀོལ་སྤྱོད་བཟང་པོ་བྱེད་པ། ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱིས་བརྩོན་སེམས་ཆེ་རུ་བསྐྱེད་པ་དང་ཁ་ཕྱོགས་གཏན་འཁེལ་གསལ་པོ་བྱེད་པ། འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། རྒྱུས་ལོན་ཟབ་མོ་བྱེད་པར་བརྟེན་ནས་དོན་དངོས་བསྒྲུབ་པར་སྐུལ་འདེད་གཏོང་བ། དོན་དངོས་བསྒྲུབ་པར་བརྟེན་ནས་རྣམ་པ་གསར་བ་འབྱེད་པར་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་བརྟེན་ནས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།
ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ནང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལང་ཕྱོགས་དང་ལྟ་ཚུལ་བྱེད་ཐབས་ཀྱིས་ཁྱབ་པར་བྱས་ཡོད་ལ། དེ་ནི་ལོ་རྒྱུས་ཆོས་ཉིད་ཀྱི་འགྲེལ་བཤད་ཟབ་མོ་ཡིན་ལ། མངོན་སུམ་གནད་དོན་གྱི་དབྱེ་ཞིབ་གསལ་པོ་ཡང་ཡིན་པ་དང་། བསམ་བློའི་སྐུལ་སློང་ཟབ་མོ་ཡིན་ཞིང་། ཁྱོན་ཡོངས་ཀྱི་བསམ་པའི་སྦྱོང་བརྡར་ཡང་ཡིན་ལ། ཏང་ཡོངས་ལ་གསོན་ཉམས་ལྡན་པའི་ཏང་གི་སློབ་ཁྲིད་ཐེངས་གཅིག་བྱས་པ་དང་། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བཟང་པོར་སྤེལ་བའི་ཐད་ཁ་ཕྱོགས་གསལ་པོ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས། ངོས་འཛིན་དགུའི་ཡུན་རིང་གི་ལང་ཕྱོགས་དང་དགོས་ངེས་ཀྱི་རེ་བ་གསུམ་གྱི་དོན་སྙིང་གལ་ཆེན། སྔར་ལས་ལྷག་པ་དྲུག་གི་བཀོད་སྒྲིག་གཙོ་བོ། རེ་བ་བཞིའི་སྤུས་ཚད་ཚད་གཞི་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཏང་གི་སློབ་སྦྱོང་སློབ་གསོའི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མང་ཚོགས་ཀྱི་ཁྲོད་དང་། གཞི་རིམ། མིའི་སེམས་སུ་སིམ་པར་བྱས་ནས། གསར་བརྗེའི་ལོ་རྒྱུས་ཐད་ནས་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་པར་བྱེད་པ་དང་། གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱེད་ཐུབ་པར་བྱ་དགོས་ཟེར།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བརྡ་སྦྱོར་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་མཉམ་དུ་རྒྱུས་ལོན་བཟང་པོ་བྱེད་པ་དང་མཉམ་དུ་ལག་བསྟར་བྱ་དགོས། དམིགས་འབེན་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་གནས་ལུགས་རྟོགས་པར་བྱེད་པའི་ཐད་ནས་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུད་འཛིན་བྱེད་པ་གཙོར་འཛིན་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་ཐད་ནས་ཕུགས་འདུན་ཡིད་རྟོན་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་གཙོར་འཛིན་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་སྲོལ་བཟང་བརྩི་སྲུང་བྱེད་པའི་ཐད་ནས་མི་དམངས་གཙོར་འཛིན་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་ལག་བསྟར་གཙིགས་སུ་འཛིན་པའི་ཐད་ནས་འཐབ་རྩོད་ཀྱི་སྙིང་སྟོབས་ཆེར་བསྐྱེད་པ་དང་འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ་གཙོར་བཟུང་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་གཉེར་ལས་སྐྲུན་གྱི་སྒུལ་ཤུགས་སུ་བསྒྱུར་དགོས། སློབ་སྦྱོང་གི་ནང་དོན་ལ་དམིགས་པ་དང་། སློབ་སྦྱོང་གི་དཔེ་ཆར་ཤན་སྦྱོར་བ། མ་རྩོམ་ཀློག་པ་དང་མ་རྩོམ་སློབ་སྦྱོང་བྱེད་པ། གནས་ལུགས་རྟོགས་པར་བྱེད་པ། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་ཐིག་དང་གཙོ་ཁྲིད་ངོ་བོ་ལ་རྒྱུས་ལོན་ཡང་དག་བྱེད་པ། ཐུན་མོང་གི་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་གཉིས་ཟུང་འབྲེལ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། དུས་རིམ་གཉིས་འབྲེལ་མཐུད་བྱེད་པ་དང་། དུས་རིམ་རང་བཞིན་གྱི་སློབ་སྦྱོང་སློབ་གསོའི་གཙོ་གནད་བྱ་བ་དམ་འཛིན་བྱེད་པར་མ་ཟད། སྔ་རྗེས་དུས་རིམ་གཉིས་ལ་གཅིག་གྱུར་འཆར་འགོད་དང་ལག་བསྟར། སྦྲེལ་མཐུད་བཟང་པོ་བྱས་ནས། སློབ་སྦྱོང་སློབ་གསོའི་སྤྱིའི་གྲུབ་འབྲས་མངོན་པར་བྱ་དགོས། ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་རྒྱུ་དེ་ཏང་གི་སློབ་སྦྱོང་སློབ་གསོའི་ནང་དོན་གཙོ་བོར་བརྩི་བ་དང་། རང་རྟོགས་སྒོས་ཏང་ཡོན་གྱི་འདུ་ཤེས་བརྟན་པོ་འཛུགས་པ། རང་རྟོགས་སྒོས་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། རང་རྟོགས་སྒོས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་པ། རང་རྟོགས་སྒོས་གུང་ཁྲན་ཏང་མིའི་སྙིང་སྟོབས་འཚོལ་སྙེག་བརྟན་སྲུང་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྣམ་པ་གསར་པ་མཐོར་འདེགས་གཏང་དགོས་ཟེར།
ཝང་ཅན་ཅུན་གྱིས་འགན་འཁྲི་གཏན་འཁེལ་གསལ་པོ་བྱེད་པ་དང་། རིགས་བགར་ནས་མཛུབ་ཁྲིད་བྱེད་པར་འཆར་འགོད་བཟང་པོ་བྱེད་པ། ཕན་འབྲས་བརྩོན་ལེན་བྱེད་པ། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་པ། སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་གི་སློབ་སྦྱོང་སློབ་གསོའི་ཚ་རླབས་འཕྱུར་བར་བྱས་ནས། ཏང་གི་སློབ་སྦྱོང་སློབ་གསོ་ཚད་གཞི་མཐོན་པོས་སྤེལ་བ་དང་སྤུས་ཚད་མཐོན་པོས་གྲུབ་འབྲས་ལེན་ཐུབ་པར་ཁག་ཐེག་བྱ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་སྐོར་ཞིབ་ཡར་ཞུ་གྲོས་གཞི་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་གཉིས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་པའི་རེ་བ་བཏོན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཡུས་ཡན་གྱིས་མགོ་མཛིན་བྱེད་སྐབས་བསྟན་དོན། ཏང་གི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་རྩ་འཛུགས་དང་ལག་བསྟར་བཟང་པོ་བྱ་དགོས། གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ་དང་། རིམ་པ་སོ་སོའི་ཏང་ཨུས་དུས་ཐོག་ཏུ་མགོ་ཁྲིད་ལས་ཁུངས་དང་བྱ་བའི་ལས་ཁུངས་འཛུགས་པ། ཏང་ཨུའི་ཧྲུའུ་ཅིས་འགན་འཁྲི་མི་སྣ་གཙོ་བོའི་འགན་འཁྲི་ཕྲག་ཏུ་ལེན་པ། མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། འབྲེལ་ཡོད་འགན་ནུས་སྡེ་ཁག་སོ་སོས་རང་འགན་ཕྲག་ཏུ་ལེན་པ་དང་གཞོགས་འདེགས་དམ་ཟབ་བྱས་ནས། མཉམ་དུ་དོན་འཁྱོལ་བྱ་དགོས། བཀོད་སྒྲིག་བཟང་པོ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དམིགས་འབེན་རེ་བ་དང་སློབ་སྦྱོང་ནང་དོན། ལས་འགན་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ། བྱེད་ཐབས་གསར་གཏོད་བྱེད་པར་མཐོང་ཆེན་བྱས་ཏེ། སློབ་སྦྱོང་སློབ་གསོར་བཀོད་སྒྲིག་བཟང་པོ་བྱེད་པ་དང་ཤུགས་ཡོད་པའི་སྒོ་ནས་སྤེལ་བ། གནས་ཚུལ་དངོས་དང་མཐུན་པ། ཁྱད་ཆོས་མངོན་པར་ཁག་ཐེག་བྱ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་། བྱ་བ་གཙོ་བོ་སྣ་ཚོགས་བཟང་པོར་བསྒྲུབ་པ། ཀྲུང་དབྱང་གི་སྐོར་ཞིབ་ཡར་ཞུ་གྲོས་གཞི་དག་ཐེར་ལེགས་བཅོས་བྱེད་པ་བཅས་དང་ཟུང་འབྲེལ་བྱས་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལས་གཉེར་ལས་སྐྲུན་བྱེད་པའི་སྟེང་བསྡུ་བ་དང་། ལས་དོན་སྣ་ཚོགས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་འགུལ་སྐྱོད་དངོས་ལ་བསྒྱུར་དགོས་ཟེར།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཞིང་ཆེན་ཁྲིམས་ཁང་གི་མགོ་གཙོ། ཞིང་ཆེན་ཞིབ་དཔྱོད་ཁང་གི་མགོ་གཙོ་བཅས་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་རུ་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་དེ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་སུ་ཡན་ལག་ཚོགས་ར་བཙུགས།