ཝང་ཅན་ཅུན་གྱིས་ཧུའུ་ཀྲུའུ་རྫོང་པན་ཡན་སྡེ་གསར་རུ་རྟོག་ཞིབ་བྱས་པ།
2016ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས། ཆར་བའི་ཁྲོད་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་གྱི་འཛུགས་སྐྲུན་བྱེད་བཞིན་པའི་པན་ཡན་སྡེ་གསར་ལ་ཕེབས་ནས། ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱ་བར་རྟོག་ཞིབ་གནང་བ་དང་། སྡེ་མི་ཚོས་ཡུལ་གཞན་གནས་སྤོར་བྱས་པ་བརྒྱུད་དེ་བདེ་སྐྱིད་ཀྱི་འཚོ་བར་རོལ་རྒྱུའི་སྐུལ་སློང་གནང་། 2019ལོའི་ཟླ9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་གནས་སྤར་ཞིང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་སྡེ་མི་ཚོས་མུ་མཐུད་འབད་འཐབ་བྱེད་པ་དང་། སྡེ་བ་སྔར་ལས་མཛེས་སྡུག་ཏུ་འཛུགས་སྐྲུན་བྱེད་པ། འཚོ་བ་སྔར་ལས་བཟང་བོ་རོལ་རྒྱུའི་སྐུལ་སློང་གནང་། ལོ་ལྔའི་རིང་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཐེངས་མང་པོར་པན་ཡན་སྡེ་གསར་རུ་སོང་ནས། སྡེ་དམངས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ལ་ཕྱིར་དྲན་བྱས་པ་དང་། འགྱུར་ལྡོག་ལ་བལྟས་པ་དང་དྲིན་ལན་གླེང་ཞིང་འཕེལ་རྒྱས་ལ་གྲོས་སྡུར་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་།
ལོ་སར་གྱི་གནང་བ་ལོངས་ནས་ལས་ཚོགས་ལ་ཞུགས་པའི་ཉིན་དང་པོར། ཝང་ཅན་ཅུན་ཡང་བསྐྱར་པན་ཡན་སྡེ་གསར་རུ་སོང་ནས། སྡེ་དམངས་ཚོར་འཚམས་འདྲི་བྱས་པ་མ་ཟད་ལོ་སར་གྱི་སྨོན་འདུན་ཞུས། སྡེ་བའི་འགྲེམ་སྟོན་པང་ལེབ་ཀྱི་མདུན་དུ་འགྲེང་ནས་པན་ཡན་སྡེ་བའི་ལོ་ལྔའི་རིང་གི་འཕེལ་རྒྱུས་འགྱུར་ལྡོག་ལ་ལྟ་ཞིབ་བྱས་པ་དང་། མཚོ་སྔོན་གྱི་གཙགས་དྲུབ་ཐོན་ལས་ཀྱི་སྣེ་ཁྲིད་མི་སྣ། ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཀྱི་རྒྱུན་འཛིན་པ་སྒྲོལ་མ་སྐྱིད་ཚང་ལ་འཚམས་འདྲིར་སོང་ནས། ཁོ་མོས་མང་ཚོགས་སྔར་ལས་མང་པོའི་སྣེ་ཁྲིད་དེ་མཛེས་སྡུག་གི་འཚོ་བ་བསྐྲུན་རྒྱུའི་སྐུལ་སློང་བྱས།
པན་ཡན་སྡེ་བའི་མི་དམངས་སྟབས་བདེ་ཞབས་ཞུ་ལྟེ་གནས་སུ། ཝང་ཅན་ཅུན་གྱིས་སྡེ་བའི་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱས་པ་དང་། དམངས་བདེ་ཞབས་ཞུ་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ལ། གྲོང་ཁྱེར་དང་རྫོང་། གྲོང་རྡལ། སྡེ་བའི་ལས་བྱེད་པ་དང་སྡེ་དམངས་ཚོ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་ཞིབ་བྱེད་པའི་དུས་སྐབས་ལ་ཕྱིར་དྲན་བྱས་པ་དང་། མང་ཚོགས་ཀྱི་རེ་སྒུག་དང་འདོད་བློ་ལ་ཉན་ཞིང་སྡེ་གསར་གྱི་མ་འོངས་འཕེལ་རྒྱས་ལ་གྲོས་སྡུར་བྱས། ཝང་ཅན་ཅུན་གྱིས་བཤད་རྒྱུར། ཧུའུ་ཀྲུའུ་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་འོག བཀའ་དྲིན་སེམས་སུ་བཅངས་ནས་དབུལ་ཕོངས་ཐག་བཅད་ལ། ངལ་རྩོལ་ལ་དགའ་བ། གསར་སྐྲུན་བྱེད་ཕོད་པ། འདུ་ཤེས་བསྒྱུར་བ་དང་སྲོལ་རྙིང་འདོར་བ། མཐུན་སྒྲིལ་འབད་འཐབ་དང་འཆམ་མཐུན་མཉམ་གནས་བྱས་ནས། ལོ་རྒྱུས་ཁྲོད་འགོད་ཆོག་པའི་འགྱུར་ལྡོག་ཆེན་པོ་བསྐྲུན་པ་དང་། དེ་ནི་ཧུའུ་ཀྲུའུ་རྫོང་དང་མཚོ་ཤར་གྲོང་ཁྱེར་ཐ་ན་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་བསྡུས་གཟུགས་ཡིན། དྲིན་ཚོར་བའི་མི་རིགས་ནི་རེ་བ་ལྡན་པའི་མི་རིགས་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིན་ལན་བརྗིད་མི་རུང་བ་དང་ཀྲུང་གོ་གུང་ཁྲན་ཏང་གི་དྲིན་ལན་བརྗེད་མི་རུང་ལ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དྲིན་ལན་བརྗེད་མི་རུང་ཟེར།
ཝང་ཅན་ཅུན་གྱིས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ལོ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཞིང་སྡེ་དར་སྤེལ་གཉིས་སྦྲེལ་མཐུད་བཟང་བོ་བྱེད་པའི་ལོ་གལ་ཆེན་ཡིན་ལ། ཞིང་སྡེ་དར་སྤེལ་བྱེད་ན་སྡེ་དམངས་ནི་གཙོ་གཞི་ཡིན་པ་དང་འཆར་འགོད་ནི་སྣེ་ཁྲིད་ཡིན་པས། མིག་སྔའི་གནས་ཚུལ་ལ་རྐང་འཛུགས་པ་དང་ཡུན་རིང་ལ་རྒྱང་ལྟ་བྱེད་པ། སྡེ་དམངས་དང་མཉམ་དུ་གྲོས་སྡུར་བྱེད་པ། སྡེ་དམངས་རྩ་འཛུགས་བྱས་ནས། གནས་ཚུལ་དངོས་ནས་མགོ་རྩོམ་པ་དང་དངོས་ཐོག་བདེན་འཚོལ་བྱེད་དགོས། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན་པས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་འཚམས་འདྲི་དང་གཟེངས་བསྟོད་བྱེད་པ། མང་ཚོགས་ལ་དོན་དངོས་བསྒྲུབ་པ་སོགས་བྱས་ནས། རིགས་སོ་སོའི་མི་དམངས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་མི་བརྗེད་པ། ནམ་ཡང་ཏང་གི་རྗེས་སུ་འབྲངས་པ། འགུལ་སྐྱོད་དངོས་ལ་བརྟེན་ནས་དུས་རབས་གསར་བའི་འབད་འཐབ་གླུ་དབྱངས་ལེན་དགོས་ཟེར།
ཡུས་ཚོང་ལི་དང་ཉིའོ་ཁྲིན་ཡུན། མཱ་ཧྥུན་ཧྲིན་བཅས་རྟོག་ཞིབ་ལ་ཞུགས།