ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་ཁྲིམས་འགལ་དངུལ་བསྡུ་ལ་དོགས་ཟོན་དང་ཐག་གཅོད་བྱེད་པའི་སྐོར་གྱི་སྲོལ་ཡིག་ཁྱབ་སྒྲོག་བྱས་པ།
ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་ཁྲིམས་འགལ་དངུལ་བསྡུ་ལ་དོགས་ཟོན་དང་ཐག་གཅོད་བྱེད་པའི་སྐོར་གྱི་སྲོལ་ཡིག་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།
སྲོལ་ཡིག་ནང་བསྟན་དོན། རྒྱལ་ཁབ་ཀྱིས་རྣམ་པ་གང་རུང་གི་ཁྲིམས་འགལ་དངུལ་བསྡུ་བཀག་འགོག་བྱས་ཡོད། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ཁུལ་ཁོངས་སུ་ཁྲིམས་འགལ་དངུལ་བསྡུ་ལ་དོགས་ཟོན་དང་ཐག་གཅོད་བྱེད་པའི་བྱ་བར་སྤྱིའི་འགན་འཁུར་དགོས་པ་དང་། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་སྲིད་གཞུང་གཅིག་བསྡུས་མགོ་ཁྲིད་ཀྱི་བྱ་བའི་རྐྱེན་སྲོལ་དང་ལྟ་ཞིབ་ཚད་ལེན། སྔོན་ཚུད་ཉེན་བརྡ་གཏོང་བ་སོགས་ཀྱི་ལམ་ལུགས་སྣ་ཚོགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།
སྲོལ་ཡིག་ནང་དུ་ཞིབ་བཤེར་ཐག་གཅོད་བྱེད་ཐབས་དང་བཙན་ཤུགས་ཀྱི་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས་ཡོད། ཁྲིམས་འགལ་དངུལ་བསྡུ་མཁན་དང་ཁྲིམས་འགལ་དངུལ་བསྡུའི་ལས་རོགས་པ། འབྲེལ་ཡོད་ཚོང་ར་གཞན་དག དེ་མིན་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བ་སྒྲུབ་མཁན་སོགས་ལས་ཁུངས་དང་མི་སྒེར་གྱི་ཁྲིམས་འགལ་བྱ་སྤྱོད་ཡོད་ཚད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འཁེལ་བྱས་ཡོད།