ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས་པ།
ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་བྱ་བའི་རེ་བ་བཏོན། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་དང་ཞིང་ཆེན་གྱི་དོན་དག་གལ་ཆེན་ཡིན་པས། ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། ན་ནིང་ནི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་ཉམས་སད་ཆེན་པོ་ཐེག་པའི་ལོ་གཅིག་ཡིན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མ་ལག་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་འགན་ཕྲག་ཏུ་བླངས་ནས་མདུན་སྐྱོད་བྱས་པ་དང་འགན་འཁྲི་ལག་བསྟར་བཟང་བོ་བྱས་ལ། རྣམ་འགྱུར་བཟང་བོ་དང་འགུལ་སྐྱོད་བརྟན་པོས་མཚོ་སྔོན་གྱི་རྩ་ཆེ་ཞིང་ལས་སླ་མོ་མིན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་སླར་གསོ་དང་སྲ་བརྟན་དུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ནི་སྐྱེ་ཁམས་ཐོན་སྐྱེད་འཚོ་བའི་དེང་རབས་ཅན་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། དུས་རིམ་གསར་བར་རྐང་འཛུགས་པ་དང་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། མ་དཔེ་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱེད་པ་དང་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ། འཚོ་བ་བཟང་བོ་བསྐྲུན་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གྲུབ་འབྲས་བཟང་བོར་བརྟེན་ནས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནང་། སྐྱེ་ཁམས་ཁོར་ཡུག་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། བཙོག་བཟོ་འགོག་བཅོས་ཀྱི་རྒྱལ་ཁ་བླངས་ལ། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་བླངས། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་དམིགས་ནས། ཚད་གཞི་མཐོན་པོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནད་དོན་དག་བཅོས་དང་ཁྲིམས་འཛིན་ལྟ་སྐུལ་དམ་འཛིན་བྱེད་པ། སྤུས་ཚད་མཐོན་པོས་བཙོག་བཟོ་འགོག་བཅོས་དང་བཙོག་ཆུ་ཉུང་འདོན་དང་ཐན་ཉུང་། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ལ་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མ་ཆད་པར་ཇེ་ལེགས་སུ་བཏང་སྟེ། མཚོ་སྔོན་གྱི་གནམ་སྔོན་པོ་དང་ཆུ་གཙང་མ། ས་དག་མ་བཅས་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཟེར།
ལིའུ་ཐོ་ཡིས་བསམ་བློའི་གོ་རྟོགས་སྔར་ལས་མཐོར་འདེགས་གཏོང་བ་དང་བྱ་བའི་བསམ་ཕྱོགས་སྔར་ལས་ཇེ་གསལ་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་སོགས་ཀྱི་ཕྱོགས་ནས། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་བྱུང་བའི་འགྱུར་ལྡོག་དང་བླངས་པའི་གྲུབ་འབྲས་མངོན་གསལ་སྤྱི་སྡོམ་བྱས་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་དང་འཕེལ་རྒྱས་ཀྱི་འདུ་ཤེས། འཕེལ་རྒྱས་ཀྱི་མ་དཔེའི་གོ་དོན་དང་འཐབ་ཇུས་ལ་རྒྱུས་ལོན་ཡང་དག་བྱེད་པར་དམིགས་ནས་བསམ་གཞིགས་བཏང་ལ། མདུན་དུ་ལྷགས་པའི་གནས་བབ་ལ་དབྱེ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སློབ་སྦྱོང་ལག་བསྟར་དང་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། མཐོ་ས་གསར་བ་བདུན་བསྐྲུན་པའི་རེ་བ་དང་ཟུང་འབྲེལ་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་གཅིག་གྱུར་འཆར་འགོད་བྱེད་དགོས། བཙོག་ཆུ་ཉུང་འདོན་དང་ཐཱན་ཉུང་གཉིས་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་། བཙོག་བཟོ་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་པ། ཐཱན་ཉུང་དང་དཔེ་སྟོན་ཞིབ་འཇུག་གཉིས་མཉམ་དུ་སྤེལ་དགོས། སྐྱེ་ཁམས་སླར་གསོ་དང་སྐྱེ་ཁམས་སྲུང་སྐྱོབ་ཕན་ཚུན་སྐུལ་འདེད་གཏོང་བ་དང་མཉམ་དུ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་མ་དཔེ་གསར་བ་འཛུགས་པར་རྐང་འཛུགས་པ། སྲུང་སྐྱོབ་ཆེན་པོ་དང་སླར་གསོ་ཆེན་པོ། བཅོས་སྐྱོང་ཆེན་པོར་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། གནད་དོན་དག་ཐེར་ལེགས་བཅོས་དང་བཅོས་སྐྱོང་ནུས་པ་མཉམ་དུ་མཐོར་འདེགས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པ་བྱེད་ཐབས་སུ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་དགོས། ཆབ་སྲིད་ཀྱི་འཛུགས་སྐྲུན་དང་ནུས་པ་འཛུགས་སྐྲུན་མཉམ་འཛིན་མཉམ་སྡོམ་བྱེད་པ་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ། ཆབ་སྲིད་ཀྱི་དག་གཙང་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།
ཚོགས་ཐོག་ཏུ། ཟི་ལིང་གྲོང་ཁྱེར་དང་མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱི་སྲིད་གཞུང་གི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གིས་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བར་དུ་དམིགས་འབེན་འགན་འཁྲི་ཡི་གེ་བཀོད།