ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཆོས་ལུགས་བྱ་འགུལ་ཐད་ཀྱི་རིམས་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་དུ་བསྡུས་པ།
ཟླ་གཉིས་པའི་ཚེས་དྲུག་ཉིན། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཆོས་ལུགས་བྱ་འགུལ་ཐད་ཀྱི་རིམས་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་པར་མ་ཟད། གོ་རིམ་རྗེས་མའི་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམསའགོག་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་བྱ་བར་བཀོད་སྒྲིག་བྱས་ལ། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
མགོན་པོ་བཀྲ་ཤིས་ཀྱིས་བསམ་བློའི་ངོས་ཟིན་སྔར་ལས་ཇེ་དྲག་ཏུ་བཏང་སྟེ་ཆབ་སྲིད་ཀྱི་མཐོ་ཚད་ནས་མིག་སྔར་གྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་འགོག་བྱ་བ་བཟང་བོར་སྒྲུབ་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། ཆོས་ལུགས་ཁྱབ་ཁོངས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་བྱ་བ་བཟང་བོར་སྒྲུབ་སྟེ་ཁོ་ཚོའི་སྣེ་ཁྲིད་ནས་ཆོས་ལུགས་ཐད་ཀྱི་རིམས་འགོག་དང་རྒྱལ་གཅེས་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་རིམས་འགོག་བྱེད་ཐབས་སྣ་ཚོགས་རང་རྟོགས་སྒོས་དང་ལེན་བྱས་ཏེ་མི་སྒེར་གྱི་འགོག་སྲུང་བྱ་བ་བཟང་བོར་སྒྲུབ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་བཞིའི་ཐད་ཀྱི་འགན་འཁྲི་ཇེ་ཞིབ་ཏུ་བཏང་སྟེ་རང་ས་གནས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་གཙོ་འགན་འཁུར་དགོས་པ་དང་། རིམ་པ་བགར་ཏེ་གནད་ཕིགས་འགོག་སྡོམ་བྱེད་པའི་འབྲེལ་ཡོད་བླང་བྱ་ལྟར་རང་ས་གནས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་འགོག་བླང་བྱ་སོ་སོ་དོན་འཁྱོལ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།
ཁོང་ཡུང་གིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དགུན་དཔྱིད་དུས་ཀྱི་རིམས་འགོག་བྱ་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། རིམས་ནད་ཉེན་ཁའི་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་པ། རིམས་ནད་ཐད་ཀྱི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ། མི་སྣའི་དོ་དམ་ལ་ཤུགས་སྣོན་པ། དྲིལ་སྒྲོག་སྣེ་ཁྲིད་རྒྱ་ཆེར་སྤེལ་བ། བྱེད་ཐབས་སྣ་མང་སྤྱད་དེ་བབ་བསྟུན་ཐག་གཅོད་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་དང་ལས་རེས་བརྟན་སྲུང་ལམ་ལུགས་ཇེ་དྲག་ཏུ་གཏོང་དགོས། ཁོངས་གཏོགས་ས་ཁུལ་དང་སྡེ་ཁག ཆོས་ལུགས་བྱེད་སྒོ་སྤེལ་ས། མི་སྒེར་བཅས་ཀྱི་འགོག་སྲུང་འགན་འཁྲི་གཟབ་ནན་ཅན་དུ་བཏང་སྟེ་ཐུན་མོང་འགན་འཁྲིའི་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ་དང་། འགོག་སྲུང་དྲ་རྒྱ་དམ་པོར་འཛུགས་དགོས་ཟེར།