ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིས་ཚན་ཆུང་བགོས་ཏེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ།
ཟླ2པའི་ཚེས2ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་འཐུས་མིས་ཚན་ཆུང་བགོས་ཏེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ཚང་མས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་དམིགས་ཏེ་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད།
འཐུས་མི་རྣམས་ཀྱིས་བལྟས་ན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ནན་མོ་བྱས་ཡོད་པ་དང་། ཁྲིམས་སྐྱོང་དགོངས་པ་དང་ཁྲིམས་འཛིན་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཡོད་ལ། གཞི་གྲངས་ཆེན་པོ་དང་གྱོད་གཞི། གྲུབ་འབྲས་བཅས་སྤྱད་དེ་སྙན་ཞུ་འབུལ་བར་མཐོང་ཆེན་བྱས་ཡོད་པར་མ་ཟད། ན་ནིང་གི་བྱ་བར་དངོས་ཐོག་བདེན་འཚོལ་གྱིས་སྤྱི་བསྡོམས་བྱས་ཡོད་པ་དང་། ད་ལོའི་བྱ་བར་ཚན་རིག་ལྟར་འཆར་འགོད་བྱས་ཡོད་པས། བཀོལ་སྤྱོད་རང་བཞིན་དྲག་པོ་ལྡན་པ་དང་། དེ་ནི་དངོས་གཉེར་གསར་གཏོད་ཀྱི་སྙན་ཞུ་བཟང་བོ་ཞིག་ཡིན་པ་དང་། དུས་རབས་གསར་པའི་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་བྱ་བའི་ཐད་ཀྱི་རེ་བ་གསར་པ་དང་མཐུན་ལ། ཁྲིམས་འཛིན་དྲང་གཞག་གི་རིན་ཐང་འཚོལ་སྙེག་མངོན་པར་བྱས་ཡོད་པར་འདོད། འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་འཛིན་དྲང་གཞག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཁྲིམས་ལྟར་འདྲི་གཅོད་འགན་ནུས་ལག་བསྟར་དང་རིམས་ནད་འགོག་སྡོམ་དང་འདྲི་གཅོད་ལག་བསྟར་བྱ་བ་གཅིག་གྱུར་སྒོས་བཟང་བོར་བསྒྲུབས་པ་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ལ། དོན་དངོས་དང་མཐུན་པའི་སྒོ་ནས་ལག་བསྟར་བྱེད་དཀའ་བ་ཐག་བཅད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་ཏེ་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་སྟོབས་དང་ལྡན་པའི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་རྟོགས་སྒོས་ཞིབ་དཔྱོད་བྱ་བ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་པ་དང་། རིམས་འགོག་བྱ་བར་ཧུར་ཐག་གིས་ཞབས་འདེགས་ཞུས་ལ། དཔལ་འབྱོར་སྤྱི་ཚོགས་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྲུང་སྐྱོབ་བྱས་པ་དང་། བཅའ་ཁྲིམས་ལྟ་སྐུལ་ལ་ཤུགས་སྣོན་དང་མི་དམངས་བདེ་སྡོད་ལས་བརྩོན་བྱེད་པར་འགན་སྲུང་བྱས་པ་དང་། ཁྲིམས་འཛིན་སྒྲིག་གཞི་བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་ཏེ་བྱ་བ་སོ་སོའི་ཐད་ནས་གྲུབ་འབྲས་གསར་པ་བླངས་ཡོད་པར་འདོད།
གྲོས་ཞིབ་ཁྲོད། འཐུས་མི་རྣམས་ཀྱིས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གཉིས་ཀྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱེད་པའི་བྱ་བའི་རེ་བར་རྒྱུས་ལོན་ཡང་དག་བྱེད་པ་དང་། སྔར་ལས་རང་རྟོགས་སྒོས་རང་སོ་སོའི་བྱ་བ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ། མ་ལག་འདུ་ཤེས་དང་ཁྲིམས་སྐྱོང་བསམ་བློ་སོགས་ལ་སྔར་ལས་མཐོང་ཆེན་བྱེད་པ། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་གཅིག་བསྡུས་བྱེད་པ། དོན་དངོས་དང་མཐུན་པའི་སྒོ་ནས་རིགས་སོ་སོའི་བྱ་བ་དོན་འཁྱོལ་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་མ་ལག་དང་ཁྲིམས་སྐྱོང་ནུས་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཁག་ཁུར་གསར་པ་མངོན་པར་བྱེད་པ་བཅས་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འགོ་བཟང་བོ་རྩོམ་པར་སྔར་ལས་སྟོབས་དང་ལྡན་པའི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།