ཟླ1པོའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་ཉེར་དྲུག་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་དང་འབྲེལ་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གསར་ཤོས་ཀྱི་དགོངས་དོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིམས་ནད་མཉམ་འགོག་མཉམ་འཛིན་སྐོར་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་དང་ཁོང་དུ་ཆུད་པར་བྱས་ནས། མིག་སྔའི་རིམས་ནད་ཀྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་པར་མ་ཟད། ད་ལོའི་ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་བྱ་བ་གཙོ་བོར་བཀོད་སྒྲིག་གང་ལེགས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་ཏེ་གཏམ་བཤད་པ་དང་། ཧྲིན་ཀྲང་ངམ་ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་གིས་བྱ་བར་བཀོད་སྒྲིག་བྱས།
ཝང་ཅན་ཅུན་གྱིས་ཐོག་མར་རིམས་ནད་འགོག་སྡོམ་བྱ་བའི་ལས་གནས་སྟེང་དཀའ་སྡུག་མྱོང་བཞིན་པའི་ལས་བྱེད་མང་ཚོགས་ཡོངས་ལ་བཀའ་དྲིན་ཆེ་ཞུས་ཏེ་བཤད་རྒྱུར། རིམས་ནད་ཉིན་གཅིག་ལ་མ་ཡལ་ན་འགོག་སྡོམ་ཡང་ཉིན་གཅིག་ལའང་ལྷོད་གཡེང་བྱེད་མི་རུང་བ་དང་། གྲལ་བཤེར་ལྷག་ལུས་མེད་པར་བྱེད་པ་དང་བཀག་སྡོམ་མཐའ་འཁྱོལ་བྱེད་པ། ཞིབ་བཤེར་དོན་ལྡན་བྱེད་པ་བཅས་ལ་འབད་དེ། རིམས་ནད་འགོག་སྡོམ་ཁྲོད་གྲུ་ཟུར་གཅིག་ཀྱང་མི་ལུས་པར་ཁག་ཐེག་བྱེད་དགོས་ཟེར། ཁོས་མུ་མཐུད་དུ་བསྟན་དོན། དུས་རིམ་ལྟར་དུ་བྱ་བ་དམ་པོར་འཛིན་རྒྱུ་དང་བྱ་བའི་ཡང་ལྕི་ལྟར་བཀོད་སྒྲིག་བྱེད་པ། གོ་སྐབས་མ་འཆོར་བའི་སྒོ་ནས་སྐུལ་སློང་བྱེད་པ། གོ་རིམ་ལྡན་ཞིང་སྟོབས་ཤུགས་ལྡན་པའི་སྒོ་ནས་ལས་དོན་སྤེལ་བ་བཅས་ནི་བྱ་བའི་བྱེད་ཕྱོགས་གལ་ཆེན་ཡིན། ས་གནས་དང་སྡེ་ཁག་སོ་སོས་རིམས་ནད་འགོག་སྡོམ་བྱེད་པར་མཐོང་ཆེན་བྱས་ཏེ། མགོ་ཁྲིད་གཙོ་བོ་ལས་རིམ་ཁྲོད་ཞུགས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་འགན་ནུས་གཙང་སྒྲུབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་བྱ་བར་འགན་སྲུང་ནུས་ལྡན་བྱེད་དགོས།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་རིམས་ནད་འགོག་སྡོམ་གྱི་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་སྔོན་འགོག་བྱེད་ཐུབ་ནའང་། འགལ་རྐྱེན་ཅི་རིགས་སྔར་མུས་བཞིན་གནས་ཡོད་པས་སྣང་ཆུང་གཏན་ནས་བྱེད་མི་རུང་། ཆབ་སྲིད་ལག་བསྟར་ནུས་པ་དེ་རིམས་ནད་འགོག་སྡོམ་བྱ་བའི་བརྟག་ཆས་ལྟ་བུར་ངོས་འཛིན་བྱེད་རྒྱུ་དང་། བློ་རྒྱ་ཆེན་པོ་དང་གདེང་ཚོད་ཡོད་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྡོམ་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གསར་ཤོས་ཀྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིམས་ནད་འགོག་སྡོམ་བྱ་བའི་ཇུས་ཆོད་བཀོད་སྒྲིག་རབས་དང་རིམ་པ་དངོས་འབེབས་མཐར་ཕྱིན་བྱས་ཏེ། ལས་རིམ་ཁག་སོ་སོས་རིམས་ནད་འགོག་སྡོམ་གྱི་ཉམས་སད་ཐེག་ཐུབ་པར་འགན་ལེན་བྱེད་དགོས།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། བསམ་བློའི་སྟེང་ནས་དོགས་ཟོན་ནན་མོ་བྱས་ཏེ། ཀླད་པ་གསལ་བོ་དང་དོགས་ཟོན་མཐོར་འདེགས་ཀྱི་རྣམ་འགྱུར་བཟུང་ནས། ཁོངས་གཏོགས་ས་ཁུལ་དང་སྡེ་ཁག ལས་ཁུངས། མི་སྒེར་བཅས་ཀྱི་འགན་ཁུར་རིགས་བཞི་དམ་འཛིན་བྱེད་རྒྱུ་དང་། ས་གནས་སོ་སོའི་མཁོ་བསྟུན་བཀོད་འདོམས་མ་ལག་འཁོར་རྒྱུག་རྒྱུན་ལྡན་ཡོང་བར་འགན་ལེན་བྱས་ཏེ། བྱ་བར་འཐུས་ཤོར་མེད་པ་དང་རིམས་ནད་ཡང་བསྐྱར་མི་འབྱུང་བར་འགན་ལེན་བྱེད་དགོས།
ཞིང་ཆེན་གྱི་མགོ་ཁྲིད་ཡུས་ཚུང་ལི་དང་ཁྲིན་རོས་ཧྥུན། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡུན། ཁོང་ཡུང་། ལིག་ཐའོ། ཀྲང་ཝུན་ཁོས་བཅས་ཚོགས་འདུར་ཞུགས། གྲོས་ཚོགས་ལས་གྲོང་ཁྱེར་དང་ཁུལ་སོ་སོའི་རིམས་ནད་འགོག་སྡོམ་བྱ་བའི་སྙན་ཞུར་ཉན།