ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་སྲིད་ཁྲིམས་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས། 2020ལོར་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བ་གཅིག་གྱུར་གྱིས་སྤེལ་བའི་ཐད་བདེ་འཇགས་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཡོད། 2021ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་མགོ་རྩོམ་པའི་ལོ་ཡིན་པས། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། མ་ལག་ཚང་བའི་འདུ་ཤེས་ཀྱི་ཁྲིམས་སྐྱོང་རིགས་ལམ་གྱིས་ཁ་ཕྱོགས་བརྟན་པོ་བྱེད་པར་མཐོང་ཆེན་བྱས་ནས། དོན་དངོས་ཀྱིས་སྲིད་ཁྲིམས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐོག་མ་ཐོན་ལ་ཉེ་བའི་སྐབས་སུ། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་མི་དམངས་ཉེན་རྟོག་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད་པ་དང་། ཚང་མས་ཏང་ལ་བློ་དཀར་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། དྲང་བདེན་གྱིས་ཁྲིམས་འཛིན་པ། སྒྲིག་ལམ་ནན་མོ་ཡིན་པ་བཅས་ཀྱི་སྒོ་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་ཧུར་ཐག་གིས་འཛུགས་སྐྲུན་བྱས་ཏེ། མི་དམངས་ཀྱི་བདེ་སྐྱིད་དང་རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་ཀྱི་བརྟན་འཇགས་བཅས་ལ་འགན་སྲུང་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་བཞག་སྟེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་བླང་བྱ་བཏོན།
ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཚེས9ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གོ་ཧྲིན་ཁུན་གྱིས་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་པར་མ་ཟད་གཏམ་བཤད་དེ། སྲིད་ཁྲིམས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་བསྒྲུབས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་བྱེད་པ་དང་། ཉེན་ཁ་སྣ་ཚོགས་འགོག་སེལ་བྱེད་པ་ཁྲིད་སྟོན་དུ་འཛིན་པ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། ནག་སེལ་ངན་འཇོམས་རྒྱུན་རྣམ་ཅན་དུ་གཏོང་བ། གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ཚོད་ལྟ་ཟབ་མོ་བྱེད་པ། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱེད་པ་བཅས་ཤུགས་འདོན་སར་བརྩིས་ནས། སྲིད་ཁྲིམས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། གྲུབ་འབྲས་ཁྱད་དུ་འཕགས་པས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་ནན་གྱིས་བསྟན།
རྒྱལ་སྲིད་ཨུ་ཡོན་ནམ་སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁི་ཀྲི་དང་། ཆེས་མཐོ་མི་དམངས་ཁྲིམས་ཁྲིམས་ཁང་གི་མགོ་གཙོ་ཀྲིག་ཆཱང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་གཙོ་ཀྲང་ཅུན་བཅས་ཚོགས་འདུར་ཞུགས།