ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ཤིང་། ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས།
ཟླ12པའི་ཚེས7ཉིན། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ས་གནས་ཀྱི་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པར་དམིགས་ནས། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས།
ཝང་ཅན་ཅུན་གྱིས་བསྟན་དོན། 2017ལོར་ཞིང་སྡེ་དང་འབྲོག་ཁུལ། གྲོང་ཁྱེར་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བ་ནས་བཟུང་སྡེ་བ་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ལས་བྱེད་པས་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་བདེ་སྐྱིད་སྡོད་ཁུལ་བསྐྲུན་པའི་མཚར་སྡུག་ལྡན་པའི་ལེའུ་བརྩམས་ནས་དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཐེངས་འདིའི་སྡེ་བ་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེའི་འདེམ་བསྐོ་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་གི་དབང་ཆ་སྤྱོད་པའི་ལག་ལེན་བསྐྱར་མ་ཞིག་ཡིན་པས། སྐབས་བརྗེ་བྱ་བར་འགོ་ཁྲིད་ཡག་པོ་དང་། སྒྲིག་འཛུགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་པར་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན། སྐབས་བརྗེའི་བྱ་བའི་ཆབ་སྲིད་རང་བཞིན་དང་གོ་རིམ་རང་བཞིན། འགན་འཁྲི་རང་བཞིན་བཅས་ཁོང་དུ་ཡག་པོ་ཆུད་པར་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་མཐོང་ཆེན་དང་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ལ་བརྟེན་ནས་སྐབས་བརྗེ་བྱ་བར་སྐུལ་འདེད་གཏོང་དགོས། ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་རྣམས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་དང་། ཏང་ཀྲུང་དབྱང་གི་དགོངས་དོན། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བཅས་“མཐའ་མའི་སྤྱི་ལེ་གཅིག་”ལ་ཐད་ཀར་དུ་སླེབས་པ་དང་། རྒྱལ་ཁབ་བཅོས་སྐྱོང་གི་ཕྲ་ཕུང་འཛུགས་སྐྲུན་དང་རྨང་རྡོའི་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་ནས་ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཟེར
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་མང་ཚོགས་ལ་རྩ་འཛུགས་དང་སྣེ་ཁྲིད་བྱས་ཏེ། མང་ཚོགས་ཀྱི་ཆབ་སྲིད་སློབ་གསོ་དང་ཁྲིམས་སྐྱོང་སློབ་གསོར་ཤུགས་བསྣན་ནས་མང་ཚོགས་ཀྱི་འདོད་བློ་དང་ཏང་རྩ་འཛུགས་ཀྱི་འདོད་བློ་གཅིག་མཐུན་ཡོང་བར་བྱེད་དགོས། “བཟང་གཉིས་དྲག་གཉིས་”དང་“ལེགས་གསུམ་དྲག་གསུམ་ཉམས་སད་ཐེག་ཐུབ་པ་གསུམ་”གྱི་སྡེ་བ་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གདམ་དགོས། “སྣེ་ཁྲིད་པ”ཡག་པོ་གདམ་པ་དང་། ཡུལ་བབ་དང་བསྟུན་ནས་ཧྲུའུ་ཅི་དང་ཀྲུའུ་རིན་གྱི་འགན་འཁྲི་མི་གཅིག་གིས་འཁུར་རྒྱུ་ཁྱབ་སྤེལ་བཏང་སྟེ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། ནུས་པ་ཆེ་བ། མཐུན་སྒྲིལ་གྱི་གོ་རྟོགས་མཐོ་བ། སྤྱོད་གཙང་གི་ཆུ་ཚད་མཐོ་བ་བཅས་ཀྱི་སྣེ་ཁྲིད་པ་གདམ་དགོས། “བློས་ཐུབ་ཀྱི་མི”གདམ་པ་དང་། མང་ཚོགས་ཀྱིས་ཡིད་ཆེས་བྱེད་པ་དང་། མང་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པ། མང་ཚོགས་ཀྱིས་བློས་འཁེལ་བ་བཅས་ཀྱི་ཚན་ཁག་གདམ་ནས་དུས་མཉམ་དུ་སྡེ་བའི་ལས་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་། མང་ཚོགས་ཚོགས་པའི་རྩ་འཛུགས། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྩ་འཛུགས་བཅས་འདེམས་བསྐོ་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། གྲོང་གསེབ་དར་རྒྱས་དང་། གཞི་རིམ་བཅོས་སྐྱོང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བཅས་ཀྱི་འཆར་གཞི་གསར་པ་བཀོད་དེ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།
ཝང་ཅན་ཅུན་གྱིས་བསྟན་དོན། ད་ཐེངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོའི་བྱ་བ་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་རིམ་པ་སོ་སོའི་ཏང་ཨུ་ལ་བཏོན་པའི་བླང་བྱ་ཡིན་པས་རྩ་འཛུགས་འགོ་ཁྲིད་ལ་བྱེད་ཐབས་ཡོད་དགོས། གྲོང་ཁྱེར་དང་ཁུལ་ཏང་ཨུ་ཡིས་འགོ་ཁྲིད་ཀྱི་འགན་འཁྲི་ཡག་པོ་འཁུར་དགོས་པ་དང་། རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་ཀྱི་ཏང་ཨུ་ཡིས་ཐད་ཀར་གྱི་འགན་འཁྲི་ཡག་པོ་འཁུར་དགོས། ཞང་དང་གྲོང་རྡལ། སྲང་ལམ་གྱི་ཏང་ཨུ་དང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བྱེ་བྲག་གི་འགན་འཁྲི་ཡག་པོ་འཁུར་དགོས། རྙིང་ཚབ་གསར་བརྗེས་ཀྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གིས་རྩིས་སྤྲོད་རྩིས་ལེན་གྱི་འགན་འཁྲི་ཡག་པོ་འཁུར་བ་དང་། རིམ་པ་སོ་སོའི་ཏང་ཨུའི་ཧྲུའུ་ཅིས་འགན་འཁྲི་ཨང་དང་པོ་ཡག་པོ་འཁུར་ཡོད། བྱ་བའི་བཀོད་སྒྲིག་གོ་རིམ་ལྡན་པ་དང་། དལ་ལྷོད་དང་། ལྷུ་ཚིགས། གཙོ་གནད། ཤུགས་ཚད་བཅས་ལ་སྟངས་འཛིན་ཡག་པོ་བྱས་ནས་སྐབས་བརྗེའི་འདེམས་བསྐོའི་ལས་འགན་ཁག་གོ་རིམ་ལྡན་པ་དང་ནུས་ལྡན་ངང་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱེད་དགོས། འོས་མི་ལ་མཐིལ་རྟོགས་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུས་བཏོན་པའི་“འདེམས་པ་དྲུག་དང་མི་འདེམས་པ་དྲུག”གིབླང་བྱ་ལྟར། རིགས་སོ་སོའི་འོས་མིའི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། སྐབས་བརྗེའི་དུས་སུ་འདེམས་མི་ཡོད་པ་དང་། འདེམས་མིས་ལས་ཀ་བྱེད་འགན་འཁུར་ཐུབ་པ། ལས་ཀར་མང་ཚོགས་ཀྱི་ཁས་ལེན་འཐོབ་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས། སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱེད་དགོས་ཤིང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་བྱེད་དགོས་ཤིང་། གོ་རིམ་ཉུང་འཕྲི་བྱེད་མི་རུང་བ་དང་། གོ་རིམ་ཉུང་མི་རུང་བ། གོམ་སྟབས་བརྟན་པོ་དང་མཉམ་བཤེར་ཞིབ་ཚགས་བྱེད་དགོས། ཉེན་ཁ་འགོག་ཟོན་ནུས་ལྡན་བྱ་དགོས་ཤིང་། ཉེན་ཁ་སྣ་ཚོགས་འགོག་ཟོན་དང་ཐག་གཅོད་ལེགས་པོ་བྱ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐབས་བརྗེའི་འདེམས་བསྐོ་བྱ་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐབས་བརྗེའི་འདེམས་བསྐོ་བྱ་བ་གཉིས་ཀར་འཐུས་ཤོར་མི་འགྲོ་བ་དང་གཉིས་ཀར་སྐུལ་འདེད་གཏོང་བ། བདེ་འཇགས་བདེ་བླག་ཡིན་པར་ཁག་ཐེག་བྱ་དགོས་ཟེར།
ཞིན་ཁྲང་ཞིང་གིས་འགོ་འཛིན་གཏམ་བཤད་ཁྲོད་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྡེ་བ་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོ་བྱ་བའི་དམིགས་ཚད་ལས་འགན་དང་བླང་བྱ་སྟངས་འཛིན་ནན་མོ་བྱས་ཏེ་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བར་བྱེད་པ་དང་། རང་རྟོགས་ངང་འགན་འཁྲི་འཁུར་བ་དང་རང་འགན་གཙང་སྒྲུབ་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་སྐབས་བརྗེའི་འདེམས་བསྐོ་བྱ་བ་ཡག་པོར་སྒྲུབ་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཔར་འགྲེམས་བྱས་པའི་《མཛུབ་སྟོན་བསམ་འཆར་》དང་གྲོས་ཚོགས་ཀྱི་དགོངས་དོན་ལྟར་སྒྲིག་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་ཞིབ་ཚགས། བཀོད་སྒྲིག་ལུགས་མཐུན། བཀོད་གཏོང་ལུགས་མཐུན་བཅས་བྱས་ནས་བྱ་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་ཁུལ་སོ་སོས་བསམ་གཞིགས་ཇུས་འགོད་དང་ལས་ཡུན་ལྡོག་སྒྲིག་བྱས་ཏེ“དམག་འཐབ་རི་མོ”གསལ་བོར་འབྲི་དགོས། རྫོང་དང་ཞང་གིས་ཞིབ་ཕྲའི་མཛུབ་ཁྲིད་ལ་ཤུགས་བསྣན་ནས་སྐབས་བརྗེའི་འདེམས་བསྐོ་བྱ་བའི“ཉིན་རེའི་རེའུ་མིག”བཟོ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ལྷག་པར་དུ་གཙོ་འགན་འཁུར་མཁན་གྱིས་བྱ་བའི་འགན་འཁྲི་ཏན་ཏིག་འཁུར་ནས་སྐབས་བརྗེའི་འདེམས་བསྐོ་དང་མིག་སྔའི་བྱ་བ་ཁག་ལ་སྤྱི་འདོམས་ཡག་པོ་བྱེད་དགོས། ས་གནས་སོ་སོའི་སྐབས་བརྗེའི་འདེམས་བསྐོ་བྱ་བའི་མཛུབ་སྟོན(མགོ་ཁྲིད)ཚན་ཆུང་གིས་ལས་བགོས་ལུགས་མཐུན་དང་མཐུན་སྦྱོར་མཉམ་འགུལ་བྱས་ནས་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། དུས་མཚུངས་སུ། བྱ་བའི་འཕེལ་རིམ་གནས་ཚུལ་དང་སྒྲིག་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱུན་གཏན་གྱི་གྲལ་བཤེར་སྔོན་བརྡའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྐབས་བརྗེའི་འདེམས་བསྐོ་བྱ་བ་བདེ་བླག་ངང་སྤེལ་བ་དང་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས་ཟེར།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་སྐབས་བརྗེ་བྱ་བར་བཀོད་སྒྲིག་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ཐད་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པར་གོ་བ་གཏིང་ཟབ་ལེན་པ་དང་། སྐབས་བརྗེའི་འདེམས་བསྐོ་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། སྐབས་བརྗེའི་འདེམས་བསྐོ་བྱ་བའི་ཆབ་སྲིད་བླང་བྱ་དང་། དམིགས་འབེན་བླང་བྱ། དམངས་གཙོ་ཁྲིམས་སྐྱོང་བླང་བྱ། སྒྲིག་ཁྲིམས་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ལས་འགན་གཙོ་བོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྣེ་ཁྲིད་པ་ལེགས་འདེམས་ཧྲག་སྒྲིག་བྱ་དགོས། ཧུར་བརྩོན་དང་བརྟན་བརླིང་གི་སྒོ་ནས་འགན་ཁུར་དུ་ལེན་པ་དང་། གྲུབ་ཚུལ་ལེགས་སྒྱུར་དང་བྱེད་ནུས་སྟོབས་ལྡན་དུ་གཏོང་བ། རྩ་འཛུགས་ཀྱི་སྡོམ་ཤུགས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། འགག་རྩའི་ལྷུ་ཚིགས་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ། གོ་རིམ་ལྡན་པའི་སྒོ་ནས་འགོ་འཛུགས་པ་དང་། ལག་བསྟར་བྱེད་པ། སྤྱི་སྡོམ་བཅས་དུས་རིམ་གསུམ་གྱི་བྱ་བར་སྐུལ་འདེད་གཏོང་བ་དང་། དུས་ཚོད་ལ་སྟངས་འཛིན་ལུགས་མཐུན་བྱ་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་བཀོལ་སྤྱོད་ནན་མོ་བྱས་ཏེ་རིམ་པ་བཞིན་ལས་སྒོའི་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། འོས་མིའི་ཐོབ་ཐང་ལ་ཞིབ་བཤེར་ནན་མོ་བྱས་ཏེ་ཚོགས་ཆེན་གྱི་འདེམས་བསྐོ་ལ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཚན་ཁག་གསར་རྙིང་གིས་བདེ་བླག་ངང་རྩིས་སྤྲོད་རྩིས་ལེན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་ཏན་ཏིག་བརྒྱག་པ་དང་། རིམ་པ་རེ་རེ་བཞིན་འགན་འཁྲི་གཟབ་ནན་དུ་གཏོང་བ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པར་དོ་སྣང་བཅས་བྱས་ཏེ་རྣམ་པ་བཟང་པོ་བསྐྲུན་ནས་ཚན་ཁག་གསར་པ་དང་། བྱས་རྗེས་གསར་པ། རྣམ་པ་གསར་པ་བཅས་བརྗེ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
ཞིང་ཆེན་གྱི་མགོ་ཁྲིད་ཐིན་ཅཱ་ཚའེ་དང་། ཡུས་ཚུང་ལི། ཁོང་ཡུང་བཅས་ཚོགས་འདུར་ཞུགས། ཚོགས་འདུ་བརྙན་རིས་ཀྱི་རྣམ་པས་བསྡུས་ལ། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཤིང་། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་སྡོད་ཁུལ་གྱི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་མཛུབ་སྟོན་ཚན་ཆུང་གི་ཁོངས་མི་སོ་སོ་དང་། ཞིང་ཆེན་ཏང་ཨུའི་ཏང་འཛུགས་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན། ཟི་ལིང་གྲོང་ཁྱེར་དང་དེའི་ཁོངས་གཏོགས་ཀྱི་རྫོང་དང་ས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས། གྲོང་ཁྱེར་དང་ཁུལ། རྫོང་གཞན་པ་བཅས་ནས་ཡན་ལག་ཚོགས་ར་བཙུགས།