མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

  2020-12-02 17:06:54  གངས་ལྗོངས་མེ་ལོང་།

མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

 

ཟླ12པའི་ཚེས1ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་དུ་གཟབ་རྒྱས་ངང་བསྡུས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་ཡོངས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་དར་སྤེལ་ཆེན་པོ་བཏང་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལས་དོན་གོང་དུ་སྤེལ་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས།

ཉིན་དེར། མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྔམ་བརྗིད་དང་དགའ་སྤྲོའི་རྣམ་པས་ཁེངས་ཡོད་ལ། མདུན་སྒོའི་ཕྱི་རུ་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྔོན་ཐོན་དཔེ་ལེགས་ལ་གུས་འདུད་ཞུ་ཞེས་པའི་འཕྲེད་ཡིག་གསལ་པོ་མཐོན་པོར་བཀལ་ཡོད་ཅིང་། གུས་ལུགས་དམག་མི་སྒོ་མདུན་རྡོ་སྐས་ཀྱི་ལོགས་གཉིས་སུ་ཀྲོང་ངེར་ལངས་ཡོད་པ་དང་། ན་གཞོན་ལོ་ཆུང་དག་གིས་ལག་ཏུ་མེ་ཏོག་བཟུང་སྟེ་སྤྲོ་སེམས་འཁོལ་བའི་ངང་དགའ་འབོད་ཞུ་བཞིན་ཡོད། དུས་ཚོད9དང་ཕྱེད་ཀའི་སྟེང་། གཟེངས་བསྟོད་ཐོབ་པའི་འཐུས་མི་རྣམས་ས་གདན་དམར་པོ་བཏིངས་པའི་རྡོ་སྐས་འགོས་ཏེ་ཚོགས་རར་སོང་། ཚོགས་རའི་རྒྱབ་རས་ཀྱི་དཀྱིལ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་བཀལ་ཡོད་པ་དང་། དེའི་ལོགས་གཉིས་སུ་དར་དམར་བཅུ་བསྒྲིགས་ཡོད། ཉིས་ཐོག་གི་གཟིགས་སྟེགས་སྟེང་དུ་ཚེ་སྲོག་བླ་མེད་དང་། རྒྱལ་ཡོངས་སེམས་མཐུན། རང་སྲོག་བློས་གཏོང་། ཚན་རིག་བརྩི་འཇོག ལས་དབང་མཉམ་སྦྲེལ་གྱི་རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་དར་སྤེལ་བྱས་ཏེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་དགོས་ཞེས་པའི་སྦྱར་ཡིག་བཀལ་ཡོད།

སྔ་དྲོའི་དུས་ཚོད10ཡི་སྟེང་ཚོགས་འདུ་དངོས་སུ་མགོ་བརྩམས་པ་དང་། ཚོགས་ཞུགས་པ་ཡོངས་ཡར་ལངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།

ཁོང་ཡུང་གིས་རིམས་ནད་འགོག་སྡོམ་དང་དཔྱད་འདེམས་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཡུས་ཚུང་ལི་ཡིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་གཏན་འབེབས》ཞེས་པ་སྒྲོག་འདོན་བྱས། ཝང་ཡུས་ཡན་གྱིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་གཟེངས་བསྟོད་བྱེད་པའི་གཏན་འབེབས》ཞེས་པ་སྒྲོག་འདོན་བྱས། དེའི་རྗེས་སུ་ཞིང་ཆེན་གྱི་མགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཐུན་མོང་གི་འཐུས་མིར་བྱ་དགའ་བྱིན།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་གཟེངས་བསྟོད་ཐོབ་པའི་མི་སྒེར་དང་ཐུན་མོང་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། རིམས་འགོག་འཐབ་རྩོད་ཐད་བྱས་རྗེས་བཞག་པའི་ལས་ཁུངས་ཡོངས་དང་མི་ཚང་མར་བླ་ན་མེད་པའི་གུས་འདུད་ཞུས། ཁོས་གློ་བུར་དུ་བྱུང་བའི་རིམས་ནད་ཚབས་ཆེན་ལ་ཁ་གཏད་འཇལ་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་སྒྲིག་དང་བཀོད་འདོམས་གནང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་གནམ་ས་གཡོ་བར་བྱེད་པའི་རིམས་འགོག་གི་གཡུལ་འགྱེད་ཆེན་པོ་བཤམས་པར། འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ནས་རླབས་ཆེ་བའི་རིམསའགོག་སྙིང་སྟོབས་བསྐྲུན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། ཟླ་གཅིག་གི་ནང་གཏན་འཁེལ་བྱས་པའི་ནད་པ་ཚང་མ་དྲག་སྐྱེད་བྱུང་དུ་བཅུག་པ་དང་། ཟླ་གཉིས་ཀྱི་རྗེས་སུ་རྒྱུན་ཆགས་ཅན་གྱི་རིམས་འགོག་ཏུ་བསྒྱུར་ལ།  རྒྱལ་ཡོངས་ནས་སྔོན་ལ་རིམས་ནད་འགོག་སྡོམ་གྱི“གཙང་སེལ་ལྔ”ཞེས་པའི་དམིགས་འབེན་མངོན་འགྱུར་བྱས་པར་མ་ཟད། རྒྱལ་ཡོངས་ནས་སྔོན་ལ་ཐོན་སྐྱེད་སླར་གསོ་དང་ཚོང་ལས་སླར་གསོ། ཁྲོམ་ར་སླར་གསོ། སློབ་གྲྭ་སླར་གསོ་བཅས་མངོན་འགྱུར་བྱས་ནས། རྒྱལ་ཡོངས་ཀྱིས་མི་དམངས་ཀྱི་དམག་འཁྲུག་དང་སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་འདིའི་ཁྲོད་རྒྱལ་ཁའི་གྲུབ་འབྲས་ཆེན་པོ་ལེན་པར་མཚོ་སྔོན་ཞིང་ཆེན་གྱི་བྱས་རྗེས་བཞག་ཡོད་ཅེས་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། དུས་རབས་ལ་དཔའ་བོ་མཁོ་བ་དང་དུས་རབས་ཀྱིས་དཔའ་བོ་སྐྱེད་སྲིང་བྱེད་ཀྱིན་ཡོད། ང་ཚོས་དུས་རབས་གསར་པའི་དཔའ་བོ་ལ་བསྔགས་བརྗོད་བྱེད་དགོས། གོས་དཀར་གྱོན་པའི་ཆེས་མཛེས་པའི་ཕོ་ཉ་རྣམས་ཀྱིས་རང་གི་ཚེ་སྲོག་ཕངས་མེད་དུ་དོར་ནས་གཞན་གྱི་ཚེ་སྲོག་བསྐྱབས་པ་དང་། དད་སེམས་ལ་བརྟེན་ནས་ཡིད་ཆེས་འཕེལ་བར་བྱས་ལ། སྨན་པའི་བྱམས་སེམས་དང་བྱམས་སྐྱོང་ལ་བརྟེན་ནས་རིམས་ནད་འགོག་པའི་གྲུ་གཟིངས་ལ་ཁ་ལོ་བསྒྱུར་ཏེ།  རྒྱལ་ཁབ་ཀྱི་ཁག་ཁུར་དང་དུ་བླངས་པས། ཁོ་ཚོ་ནི་དུས་རབས་གསར་པའི་ཆེས་གཅེས་སུ་འོས་པའི་མི་ཡིན། གདོང་མཆོང་གི་ཏང་ཡོན་ལས་བྱེད་པས་ཚང་མའི་སྔོན་ལ་མཆོང་བ་དང་ཀུན་ལ་སྣེ་ཁྲིད་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བྱ་བའི་ལས་གནས་དང་རིམས་འགོག་གི་གཡུལ་ས་བརྟན་སྲུང་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་བས། ཁོ་ཚོ་ནི་གནད་འགག་དུས་སྐབས་ཀྱི་ཆེས་སྲ་བརྟན་འགྱུར་མེད་ཀྱི་གོ་ཆ་ལྟ་བུ་ཡིན། ཕན་ཚུན་རོགས་རེས་བྱེད་པའི་སྡེ་བ་དང་སྡོད་ཁུལ་གྱི་ལས་དོན་པས་སྲང་ལམ་གོམ་པས་འཇལ་ཏེ་ཁ་ལབ་སེམས་གསོ་བྱས་པ་དང་ཉེན་ཁ་གྲལ་བཤེར་བྱས་ཏེ། སེམས་དང་བརྩེ་བ། ནུས་ཤུགས་ཡོད་ཚད་བཏོན་ནས་དཀའ་ངལ་མཉམ་སེལ་གྱི་ནམ་མཁའ་ཞིག་མཐོ་རུ་བཏེགས་པས། ཁོ་ཚོ་ནི་སྤྱི་ཚོགས་ནི་སྤྱི་ཚོགས་ནད་ཡམས་ལས་ཐར་བར་བྱེད་པའི་འགོག་ཁབ་ལྟ་བུ་ཡིན། བདེ་འཇགས་སྲུང་བའི་སྤྱི་བདེ་ཉེན་རྟོག་པས་ཉིན་མཚན་དབྱེར་མེད་དུ་སྐོར་ཞིབ་ལས་རེས་བྱས་ཏེ། ལྷག་བསམ་ལས་དམ་བཅའ་ལག་བསྟར་དང་བརྩོན་སེམས་ལས་ཉེན་རྟོག་གི་རང་རྒྱུད་མངོན་བྱས་ནས་བདེ་འཇགས་ཀྱི་འགག་སྒོ་སྲུང་བ་དང་། ཚེ་སྲོག་བརྟན་སྲུང་བྱས་ཏེ་མཚོ་སྔོན་གྱི་ས་གཞི་ཆེན་མོར་སྲུང་སྐྱོབ་བྱས་པས། རིམས་འགོག་གི་གཡུལ་ས་རུ་ཉེན་རྟོག་པའི་སྣང་བརྙན་འོད་དུ་འཚེར། དབྱངས་རྟག་གཙོ་བོ་གླུ་རུ་ལེན་ཞིང་དྲང་ཕྱོགས་ནུས་ཚད་བརྒྱུད་སྒྲོག་བྱེད་པའི་གསར་འགྱུར་ལས་དོན་པས། རིམས་འགོག་གི་གཡུལ་ས་དེ་ནུས་པ་བཞི་ལག་ལེན་བྱེད་པའི་གཡུལ་ས་གཙོ་བོར་བརྩིས་ནས། བདེན་པ་བདེན་ཐུབ་ཀྱི་གནས་ཚུལ་དུས་ལྟར་བསྒྲགས་ནས་མི་སེམས་ལ་དྲོལ་ཁོལ་བསྐྱལ་བས། ཁོ་ཚོ་ནི་དྲང་བདེན་གྱི་བརྟན་སྲུང་བ་དང་ལག་ལེན་པ་ཡིན། ལས་གནས་བརྟན་སྲུང་བྱེད་པའི་མི་དམངས་དགེ་རྒན་རྣམས་ཤེས་བྱའི་དོགས་གནད་སེལ་བའི་སློབ་སྟོན་པ་བྱས་པར་མ་ཟད། དྲོད་འཇལ་དུག་སེལ་གྱི་རིམས་འགོག་འཐབ་མོ་བ་བྱས་ཏེ། སེམས་དྲོན་མོ་དང་སེམས་ཞིབ་མོས་སློབ་མ་དང་ཁྱིམ་བདག སྤྱི་ཚོགས་བཅས་ཀྱི་སེམས་བདེ་བར་བྱས་པས། ཁོ་ཚོའི་ལས་རིགས་ནི་ཆེས་བླ་ན་མེད་པའི་ལས་རིགས་ཤིག་རེད། བརྩེ་བ་ཟབ་པའི་མི་དམངས་བུ་སྤུན་དམག་གིས་ཏང་གི་བཀའ་ལ་ཉན་ཞིང་གཡུལ་དྲག་པོ་བཤམས་ཏེ། དམག་དམངས་མཐུན་སྒྲིལ་གྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་ནས། མི་དམངས་དམག་དཔུང་གིས་མི་དམངས་བསམ་པའི་མཛད་པ་བསྐྱངས་པས། ཁོ་ཚོ་ནི་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་བློ་དཀར་སྲུང་དམག་ཡིན། ངལ་བ་ཚད་མེད་བཏོན་ནས་ལས་ཐོན་སླར་གསོ་བྱེད་པའི་ཐོན་སྐྱེད་གཉེར་མཁན་གྱིས་དོན་ཆེན་བསམ་པ་དང་ཆེ་ཕྱོགས་ལ་དམིགས་ཏེ། རིམས་ནད་འགོག་སྡོམ་དང་ཐོན་སྐྱེད་བདག་གཉེར་གྱི་ལས་ཀ་སྣ་གཉིས་བསྒྲུབས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བར་ཆད་མེད་པར་གོང་དུ་འཕེལ་བར་སྐུལ་འདེད་བཏང་བས། ཁོ་ཚོ་ནི་བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་ཀ་བ་ལྟ་བུ་ཡིན། སྐྱིད་སྡུག་མཉམ་མྱོང་གི་ལས་རིགས་སོ་སོའི་མི་སྣས་བརྩེ་བ་མཚོ་རུ་བསྐྱིལ་ནས་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་རིམས་འགོག་ལ་རོགས་སྐྱོར་བྱེད་པའི་དྲང་ཕྱོགས་ནུས་ཚད་གཅིག་ཏུ་བསྡུས་ཤིང་། ཚང་མ་རིམས་འགོག་ཁྲོད་ཞུགས་པའི་དབྱངས་རྟ་གཙོ་བོ་ངག་ལ་བཀུག་ནས། ལུས་སེམས་གཅིག་ཏུ་འབྲེལ་བའི་གླུ་དབྱངས་མཉམ་དུ་བླངས་པས། ཁོ་ཚོ་ནི་རིམས་འགོག་གི་གྲང་ངར་འཇོམས་པའི་ཁྲི་གདུགས་ཉི་མ་ལྟ་བུ་ཡིན། ཁག་ཁུར་གྱི་འདུ་ཤེས་ཆེ་བའི་མཚོ་སྔོན་རོགས་སྐྱོར་གྱི་ལས་བྱེད་པ་དང་འཇོན་མིས་མཚོ་སྔོན་མི་དམངས་དང་ལས་སྐལ་གཅིག་འབྲེལ་གྱིས་རང་ནུས་ཅི་ཡོད་བཏོན་ནས་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱེད་ཡུལ་གྱི་བར་དུ་ལག་གདང་མཉམ་སྦྲེལ་གྱིས་རིམས་ནད་འགོག་པའི་ཟམ་པ་བཙུགས་པས། ཁོ་ཚོ་ནི་མཚོ་སྔོན་མི་དམངས་ཀྱི་བུ་དང་བུ་མོ་འཁྲུལ་མེད་རེད། རང་རྟོགས་རང་གཅུན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་རིམས་ནད་ཀྱི་ཚབས་ཆེས་ཆེ་བའི་སྐབས་སུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། ལས་ཀ་དང་ཐོན་སྐྱེད། ཚོང་ལས། སློབ་སྦྱོང་བཅས་སླར་གསོ་བྱེད་པའི་ཁྲོད་དུ་དཔྱིད་ཀྱི་དཔལ་ཡོན་ལྟ་བུའི་འཚོ་བ་སླར་གསོ་བྱས་པ་དང་། དུས་ཚོད་དམ་འཛིན་གྱིས་རིམས་ནད་ལས་བཟོས་པའི་གྱོང་གུན་ཁ་གསབ་བྱས་པས། ཁོ་ཚོ་ནི་ངོ་མཚར་མཛེས་རྗེས་བསྐྲུན་མཁན་གྱི་དཔའ་བོ་རེད་ཟེར།

ཝང་ཅན་ཅུན་གྱིས་རིམས་ནད་འགོག་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པའི་ཆེས་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཁ་ཕྱོགས་བསྟན་པ་དང་སྟོབས་དང་ལྡན་པའི་འགོ་ཁྲིད་བྱས་པའི་དབང་གིས་ཡིན་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་པར་གསལ་བའི་ཁྱད་ཆོས་ཡོད་པ་དང་། རིམས་འགོག་དཔའ་བོ་བགྲང་ལས་འདས་པ་ཡོད་པ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཡོད་པ། རླབས་ཆེ་བའི་རིམས་འགོག་གི་སྙིང་སྟོབས་ཡོད་པ་བཅས་ནི། ང་ཚོས་བྱ་གཞག་ཡོད་ཚད་ལ་རྒྱལ་ཁ་ལེན་པའི་ཁག་ཐེག་གལ་ཆེན་ཡིན་ཞེས་ནན་གྱིས་བསྟན།

ཝང་ཅན་ཅུན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་དུ་རྩ་བ་ཚུགས་ནས་རྩེ་མོ་རྣམ་པར་རྒྱས་པར་བྱེད་དགོས། རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་འདི་ཉིད་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་བསྡུ་བ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་རྩོམ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བགྲོད་ལམ་གསར་པར་བསྐྱོད་པ་བཅས་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་ལེགས་སྐྱེས་འབུལ་དགོས། དུས་རབས་གསར་པར་རྐང་འཛུགས་པ་དང་དུས་རིམ་གསར་པ་དམ་དུ་འཛིན་པ། འདུ་ཤེས་གསར་པ་ལག་བསྟར་བྱེད་པ། རྣམ་པ་གསར་པ་བསྐྲུན་པ་བཅས་བྱས་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལས་དོན་གོང་ནས་གོང་དུ་སྤེལ་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་བསྣན་ནས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་དང་སྐུལ་སློང་བྱས་ཏེ། མུ་མཐུད་འབད་འཐབ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན།

ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་དར་སྤེལ་ཆེན་པོ་བཏང་ནས། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་དཔེ་ལེགས་རྣམས་མིག་དཔེར་འཛིན་པ་དང་། རིམས་འགོག་འཐབ་རྩོད་ཁྲོད་ཕྱོགས་སྡོམ་བྱས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་བེད་སྤྱོད་གང་ལེགས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་ཡར་བརྩོན་ལྷོད་མེད་སྒོས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དམ་པོར་རྣལ་མར་ཞིབ་མོར་འཛིན་པ་དང་། ཐོབ་དཀའ་བའི་རིམས་འགོག་གི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ། བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་ལས་དོན་ཡག་པོ་སྒྲུབ་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་དམ་འཛིན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་བཅས་བྱས་ཏེ། རྒྱལ་ངེས་པའི་སེམས་ཤུགས་བཅངས་ནས་ ལོ་ཧྲིལ་བོའི་མཇུག་བཟང་པོ་བསྡུ་བ་དང་། ཞུམ་མེད་ཀྱི་སྤོབས་པར་བརྟེན་ནས་མདུན་ལམ་གསར་པ་བཏོད་ནས། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

སྔོན་ཐོན་མི་སྒེར་གྱི་འཐུས་མི་ཝང་ཏུང་དང་སྔོན་ཐོན་ཐུན་མོང་གི་འཐུས་མི་ཏའེ་ཅིང་ཐའོ། ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་འཐུས་མི་ཧྥན་ཧའེ་ཉིང་། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མི་ཧྥིན་ཧྲེང་ལུའུ་བཅས་ཀྱིས་ཚོགས་ཐོག་ནས་གཏམ་བཤད།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། ཞིང་ཆེན་དམག་ཁུལ་དང་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྲིད་ཀྱི་དཔོན་པོ་བཅས་ཚོགས་ཆེན་ལ་ཞུགས། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་འགོག་བཅོས་ཀྱི་སྔོན་ཐོན་ཐུན་མོང་དང་། སྔོན་ཐོན་མི་སྒེར། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས། ཕུལ་བྱུང་གུང་ཁྲན་ཏང་ཡོན་བཅས་ཀྱི་འཐུས་མི་དང་། མཚོ་སྔོན་གྱི་ཧུའུ་པེར་སོང་བའི་སྨན་བཅོས་རོགས་སྐྱོར་རུ་ཁག་དང་བརྒྱུད་སྐྱེལ་རུ་ཁག་གི་རུ་མི་སོགས་མི་བརྒྱད་བརྒྱ་ཙམ་ཚོགས་ཆེན་ལ་ཞུགས།


 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།