མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་བ།

ཡོས་བུ།  2020-11-23 16:02:38  ཁྲིམས་ལུགས་ཚགས་པར།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་བ།

ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྲོས་ཚོགས་ཟླ11པའི་ཚེས16ཉིན་ནས་ཚེས17ཉིན་བར་པེ་ཅིང་ནས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནངས།  ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བར་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་དགོས་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱ་རྒྱུ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་བཅས་ཀྱི་དོན་དངོས་གཞིར་བཟུང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་ལ་དམིགས་ཏེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་རང་ཁྱིམ་རང་བདག  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཞིབ་ཚགས་ཡོང་བར་བྱས་ཏེ། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱ་རྒྱུ་ཤུགས་རྒྱག་ས་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་སྟེང་དུ་བསྐྱོད་པ་དང་། ཁྲིམས་སྐྱོང་བགྲོད་ལམ་སྟེང་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཁྲིམས་སྐྱོང་གི་འགན་ནུས་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྟན།

    གྲོས་ཚོགས་ལས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློའི་ནང་དོན་ཕུན་སུམ་ཚོགས་ཤིང་གཏིང་ཟབ་པ། གཏན་ཚིགས་ལྡན་པ། མ་ལག་ཆ་ཚང་བ་བཅས་ཀྱི་ཁྱད་ཆོས་ལྡན་ལ། ལོ་རྒྱུས་དང་དོན་དངོས་ཕན་ཚུན་འབྲེལ་མཐུད་ཡོང་བར་བྱས་པ་དང་རྒྱལ་སྤྱི་དང་རྒྱལ་ནང་ཕན་ཚུན་གཞི་གཅིག་ཏུ་སྦྲེལ་བ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བཅས་ཀྱི་ཐོག་ནས་དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་ཐད་ལན་རབས་དང་རིམ་པ་བཏབ་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་དུས་རབས་ཀྱི་བླང་བྱ་དང་བསྟུན་ནས་བྱུང་བའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཀྱང་ཡིན་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་འཛིན་ས་དང་ལག་ལེན་གྱི་ཕྱོགས་སྟོན་ཞིག་ཀྱང་ཡིན་པར་བརྟེན། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་མཐར་ཕྱིན་དང་དེར་གོ་བ་ནན་ཏན་བླངས་ཏེ། གཞི་རྩའི་དགོངས་དོན་ཁོང་དུ་ཆུད་པར་བྱེད་པ་དང་། སྲོག་ཤིང་གི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ། བྱ་བའི་བླང་བྱ་ཁ་གསལ་བཟོ་བ་བཅས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་བརྒྱུས་ནས་ལག་བསྟར་དོན་འཁྱོལ་ནན་མོ་བྱ་དགོས་ཟེར།

    ལིས་ཁི་ཆང་གིས་ཐེངས་འདིའི་ཚོགས་འདུར་མགོ་འཛིན་མཛད་པ་དང་།  ལི་ཀྲན་ཧྲུའུ་དང་ཝང་དབྱང་། ཀྲའོ་ལེ་ཅེ། ཧན་ཀྲིན་བཅས་ཚོགས་འདུར་ཞུགས་ཤིང་། ཝང་ཧུའུ་ཉིང་གིས་སྤྱི་སྡོམ་གཏམ་བཤད་སྤེལ།

    ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་གྱིས་བསྟན་དོན། ང་ཚོའི་ཏང་གིས་སྔར་ནས་བཟུང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་གསལ་སྟོན་བྱས་ཡོད་པ་དང་འབྲེལ་ནས། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ཁྲོད་ནུས་པ་ལྡན་པའི་སྐུལ་འདེད་བཏང་བར་མ་ཟད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་གཏན་འབེབས་བྱས། ཏང་གི་ཚོགས་ཆེན་བཅུ་དགུ་བ་འཚོགས་པའི་རྗེས་སུ། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རབས་དང་རིམ་པ་བྱས་པས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཟེར།

    ཞི་ཅིན་ཕིང་གིས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་མཚམས་ཤིག་གི་རིང་ལ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བར་གཙོ་གནད་ཀྱིས་དམ་འཛིན་བྱ་དགོས་པའི་ལས་དོན་ཐད་བླང་བྱ་བཅུ་གཅིག་བཏོན་ཡོད་དེ།གཅིག་ནི་ཏང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། གཉིས་ནི་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས། གསུམ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས་བྱ་དགོས། བཞི་ནི་རྩ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་དང་། རྩ་ཁྲིམས་ལ་བརྟེན་ནས་སྲིད་འཛིན་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ལྔ་ནི་ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱ་དགོས། དྲུག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། བདུན་ནི་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་ལ་ཐུན་མོང་སྒོས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྱོང་བྱ་དགོས། བརྒྱད་ནི་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་ཁྲིམས་བསྟར་ནན་མོ། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ནས་ཁྲིམས་སྲུང་བ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱ་དགོས། དགུ་ནི་རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་གཉིས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱ་དགོས། བཅུ་ནི་སྤྱོད་ཡོན་གཉིས་ལྡན་གྱི་སྤུས་ཚད་མཐོ་བའི་ཁྲིམས་སྐྱོང་ལས་དོན་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། བཅུ་གཅིག་ནི་གནད་འགག་ཡིན་ལ་གྲངས་ཀ་ཉུང་བའི་མགོ་ཁྲིད་ལས་བྱེད་པ་དམ་འཛིན་བྱེད་པར་རྒྱུན་འཁྱོངས་བྱ་དགོས་བཅས་ཡིན།

    ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ཁྱོན་ཡོངས་ནས་སྤྱི་སྡོམ་དང་། དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་དོན་སྙིང་གལ་ཆེན་ལ་གསལ་བཤད་གང་ལེགས་བྱས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་གོ་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་ཡོད་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་སྐུལ་སྤེལ་གཏོང་བའི་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབས་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་ཁ་གསལ་བཏབ་པ་དང་། མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་རིང་ལ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བར་འཐབ་ཇུས་ཀྱི་བཀོད་སྒྲིག་གང་ལེགས་གནང་ཡོད་པ་ལས་གཞན། དེར་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། དེ་ནི་དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པར་བརྟེན། དེར་ནན་ཏན་གྱིས་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་དོན་འཁྱོལ་མཐར་ཕྱིན་བྱ་དགོས། “འདུ་ཤེས་བཞི”ཇེ་མཐོར་གཏོང་བ་དང“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས” བཟང་པོར་སྒྲུབ་ཐུབ་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ལེགས་པོར་བསྒྲུབ་པ་དང་།ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལག་ལེན་དངོས་ལ་བསྒྱུར་ཏེ། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་གསར་གཏོད་བྱ་དགོས་ཟེར།

    ཝང་ཧུའུ་ཉིང་གིས་སྤྱི་སྡོམ་གཏམ་བཤད་གནང་སྐབས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཚད་མཐོ་ཞིང་མིག་རྒྱང་ཡངས་པ། ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ་བཅས་ཀྱི་ཐོག་ནས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མངོན་པར་མཚོན་ཡོད་ཅིང་། དེ་ནི་དུས་རབས་གསར་པར་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་ཡང་དག་བླངས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གོ་གནས་གལ་ཆེན། བྱ་བའི་བཀོད་སྒྲིག ལས་འགན་གཙོ་བོ། འགན་ལེན་གལ་ཆེན་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཁག་གི་ཁྲོད་ལག་བསྟར་དོན་འཁྱོལ་བྱ་དགོས་ཟེར།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།