རང་ཞིང་ནས་ཁྲིམས་འགལ་གྱི་མེ་མདའ་དང་འགད་རྫས་གཅིག་སྡུད་ཐོག་མེད་པར་བཟོ་བའི་བྱ་འགུལ་སྤེལ་བ།
ཟླ11པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་འགལ་གྱི་མེ་མདའ་དང་འགད་རྫས་ལ་རྡུང་རྡེག་དང་དག་ཐེར་བཅོས་སྐྱོང་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གིས་ཟི་ལིང་དམིགས་བསལ་ལྕགས་རིགས་སྡེ་ཚོགས་ཚད་ཡོད་ཀུང་སི་ནས། “མེ་མདའ་དང་འགད་རྫས་མེད་པར་བཟོ་བ་དང་། གཏན་འཇགས་སྲུང་སྐྱོང་། དམངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ”བཅས་བརྗོད་དོན་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་གཅིག་སྡུད་ཐོག་ཁྲིམས་འགལ་མེ་དམའ་དང་འགད་རྫས་མེད་པར་བཟོ་བའི་བྱ་འགུལ་སྤེལ་འདུག་ལ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་དང་ཞིབ་བཤེར། མང་ཚོགས་ཀྱིས་རང་འགུལ་སྒོས་ཞུ་སྤྲོད་བྱས་པའི་མེ་མདའ602གཅིག་སྡུད་ཐོག་མེད་པར་བཟོས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། དུས་ཡུན་རིང་པོའི་ནང་། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འགལ་མེ་མདའ་དང་འགད་རྫས་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ཚོགས་འདུའི་གཞུང་ལས་ཁང་གིས་ཐོག་མཐའ་བར་གསུམ་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་རེད། མེ་མདའ་དང་འགད་རྫས་དོ་དམ་ཚོད་འཛིན་ལས་ཀའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཛུབ་སྟོན་དགོངས་དོན་ལ་བརྩི་སྲུང་བྱས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བདེ་འཇགས་ཀྱི་གནས་བབ་བརྟན་བརླིང་ངང་སྲུང་སྐྱོང་བྱེད་དགོས་པ། “འདུ་ཤེས་བཞི”ཇེ་མཐོར་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་དྲག་ཏུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས། གྱོད་གཞི་རྩད་ཆོད་པ་དང་འབྱུང་རྩ་ནས་སྔོན་འགོག་དང་ཕྱོགས་གཉིས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། མངའ་ཁོངས་ཕྱི་ནང་དང་། དྲ་ཐོག་དྲ་འོག་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། མཉམ་འཛིན་སྤྱི་སྒྲུབ། རྩ་ལག་མཉམ་བཅོས། རྒྱུན་འཁྱོངས་ལྷོད་མེད་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། རྨང་གཞི་དམ་འཛིན་དང་། ཞན་ཆ་གསབ་པ། ལམ་སྲོལ་འཛུགས་པ། ཚན་རྩལ་ལ་ཤུགས་སྣོན་བཅས་བྱས་ནས་མེ་མདའ་དང་འགད་རྫས་ལ་དོ་དམ་ནན་པོ་དང་ཚོད་འཛིན་ནན་པོ་བྱས་ཏེ། མེ་མདའ་དང་འགད་སླ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ་དང་། མེ་མདའ་དང་འགད་རྫས་འགོག་བཅོས་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་བརྟན་བརླིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པ་རེད་ལ། མེ་མདའ་དང་འགད་རྫས་ལ་འབྲེལ་བ་ཡོད་པའི་གནད་དོན་སྣ་ཚོགས་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་ཅིང་། 2018ལོ་ནས་བཟུང་། ཞིང་ཆེན་ཡོངས་སུ་མེ་མདའ་དང་འགད་རྫས་ལ་འབྲེལ་བ་ཡོད་པའི་གྱོད་གཞི68རྩད་ཆོད་པ་དང་ཁྲིམས་འགལ་མེ་མདའ་ཅི་རིགས3783དང་། མདེའུ་ཁྲི25ལྷག་ཙམ། འགད་རྫས་སྤྱི་རྒྱ3200ལྷག་ཙམ་བཅས་བཀག་སྡོམ་བྱས་པའི་གྲི་ཆས་ཁྲི1.7ལྷག་ཙམ་བཅས་གཞུང་བཞེས་བཏང་བ་དང་། འབར་རྫས་སྤྱི་རྒྱ་ཁྲི1.6ལྷག་ཙམ་དང་། བཟོ་སླ་བའི་ཉེན་ཆེའི་རྫས་འགྱུར་དངོས་རྫས་སྤྱི་རྒྱ125ལྷག་ཙམ་གཞུང་བཞེས་བཏང་བ་རེད།