མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་བྱ་དགའ་གནང་བའི་ཚོགས་ཆེན་ཟི་ལིང་དུ་བསྡུས་པ།

ཡོས་བུ།  2020-11-18 16:30:25  ཁཻིམས་ལུགས་ཚགས་པར།

ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་བྱ་དགའ་གནང་བའི་ཚོགས་ཆེན་ཟི་ལིང་དུ་བསྡུས་པ།

ཟླ11པའི་ཚེས17ཉིན། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་བྱ་དགའ་གནང་བའི་ཚོགས་ཆེན་ཟི་ལིང་དུ་བསྡུས་པ་རེད། རང་ཞིང་གི་ཚན་རྩལ་ཡར་ཐོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འབུར་ཐོན་བཞག་པའི་ཚན་རྩལ་མི་སྣ་དང་ཚན་ཞིབ་ཚོགས་ཁག་ལ་གཟེངས་བསྟོད་དང་བྱ་དགའ་གནང་ཞིང་། ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ནས། སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ཚན་རྩལ་གྱི་རམ་འདེགས་འདོན་སྤྲོད་བྱས་པ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱས་རྗེས་བྱ་དགའ་ཐོབ་མཁན་ཀྲའོ་ཞིན་ཆོན་ལ་བྱ་དགའ་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝང་ཧའོ་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཏུན་ཞའོ་སོགས་ལ་ཞིང་ཆེན་སྲིད་གཞུང་གི་ཚན་རྩལ་བློ་འདོན་པའི་གདན་ཞུའི་ཡི་གེ་གནང་བར་མ་ཟད་གཏམ་བཤད་གནང་། ཚོགས་འདུར་ཞུགས་པའི་མགོ་ཁྲིད་བློ་མཐུན་གྱིས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ལ་བྱ་དགའ་གནང་བ་རེད།

ཞིན་ཁྲང་ཞིང་གིས་གཏམ་བཤད་ནང་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། བྱ་དགའ་ཐོབ་པའི་སྔོན་ཐོན་ལས་ཁུངས་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། གདན་ཞུ་བྱས་པའི་ཞིང་ཆེན་སྲིད་གཞུང་གི་ཚན་རྩལ་བློ་འདོན་པར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་དང་མཚོ་སྔོན་གྱི་ཚན་རྩལ་ལས་དོན་འཕེལ་རྒྱས་ཐད་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བའི་ལས་རིགས་སོ་སོའི་མི་སྣར་གུས་འདུད་ཞུས་པ་རེད།

ཞིན་ཁྲང་ཞིང་གི་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ལ་ཧ་ཅང་མཐོང་ཆེན་བྱས་ཤིང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོར་ཅིས་ཀྱང་འཇོག་དགོས་པའི་འཐབ་ཇུས་གལ་ཆེན་གཏན་འཁེལ་བྱས་ཏེ། མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ནན་མོ་བྱས་པ་དང་། ཤུགས་ཆེན་པོས་གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ནས། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་སུ་ཚན་རྩལ་ཡར་ཐོན་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད། དེང་སྐབས་མཚོ་སྔོན་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་ཚུལ་སྒྱུར་རིམ་འཕར་ཇེ་མགྱོགས་སུ་གཏོང་བའི་གནད་འགག་དུས་སྐབས་སུ་གནས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་པ་དང་། ཁ་ཕྱོགས་པ་བཞི་རྒྱུན་འཁྱོངས་དང“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”གཅིག་སྡུད་བྱེད་པ་དང་།“དཔེ་སྟོན་ལྔའི”ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་དཔལ་འབྱོར་གྱི“རྣམ་པ་བཞི”ཡིས་སྣེ་ཁྲིད་པའི་དགོས་མཁོ་གལ་ཆེན་དང་དམ་པོར་སྦྲེལ་ཞིང་། གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ནན་མོ་བྱས་ཏེ་འཕེལ་རྒྱས་ཀྱི་གསར་གཏོད་ནུས་ཤུགས་དང་འགྲན་རྩོད་ནུས་ཤུགས་སྔར་ལས་ཇེ་ཆེར་གཏང་དགོས་ཟེར།

གྲོས་ཚོགས་ཀྱི་སྔོན་ལ། ཚོགས་འདུར་ཞུགས་པའི་མགོ་ཁྲིད་བློ་མཐུན་དང་། རང་ཞིང་གི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་མི། ཞིང་ཆེན་སྲིད་གཞུང་ཚན་རྩལ་བློ་འདོན་པའི་འཐུས་མི་བཅས་ཀྱིས་དྲན་རྟེན་མཉམ་པར་བླངས།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།