ཝང་ཅན་ཅུན་གྱིས་མགོ་འཛིན་བྱས་ཏེ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྙན་ཞུའི་ཚོགས་འདུ་ཟི་ལིང་ནས་བསྡུས་པ།
ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཟླ11པའི་ཚེས11ཉིན་གྱི་སྔ་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཉིན་རེའི་ལས་དོན་གྱི་ལས་བགོས་དོ་དམ་པུའུ་ཀྲང་གཞོན་པ་ཅང་ཞིན་ཀྲི་ཡིས་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་སྙན་ཞུའི་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་ཚོགས་འདུར་ཞུགས།
ཅང་ཞིན་ཀྲི་ཡིས་སྒྲོག་འགྲེལ་སྙན་ཞུའི་ནང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གྲོས་གཞིར》སློབ་སྦྱོང་དང་ལག་བསྟར་བྱེད་པ་དཀྱིལ་སྙིང་དུ་བཟུང་ནས། རང་རྒྱལ་གྱི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ཐོབ་པའི་གྲུབ་འབྲས་མངོན་གསལ་ལ་ངོས་འཛིན་གཏིང་ཟབ་བྱས་པར་མ་ཟད། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”རིང་གི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་གྱི་ཁྱད་ཆོས་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་ནས་མགོ་བརྩམས་ཏེ། ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་དང་།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན། དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ་བཅས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་རྒྱུའི་སྐོར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་སོགས་ལ་གོ་རིམ་ལྡན་ཞིང་ཆ་ཡོངས་སུ་རྫོགས་པའི་སྒོ་ནས་སྒྲོག་འགྲེལ་གཏིང་ཟབ་བྱས།
ཝང་ཅན་ཅུན་གྱིས་སྙན་ཞུའི་ཚོགས་འདུར་མགོ་འཛིན་བྱེད་སྐབས་བསྟན་དོན། སྒྲོག་འགྲེལ་སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་གཟིགས་རྒྱང་རིང་བོ་དང་ཐབས་མཁས་ཀྱི་བློ་གྲོས་གླེང་བ་ལས་གཞན། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གཟི་བརྗིད་དང་ཡང་དག་པའི་གནས་ལུགས་བསྟན་ཡོད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བླ་མེད་དགེ་མཚན་ཡང་གླེང་ཡོད་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་བཤད་ཡོད། དེ་མིན་ད་དུང་དུས་བསྟུན་མདུན་སྐྱོད་ཀྱིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང་“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བའི་ཐབས་ཤེས་དང་ཐབས་ལམ་ཡང་བཤད་ཡོད། དེ་ལས་གཞན་མི་དམངས་ལྟེ་བར་འཛིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པ་དང་འཚོ་བ་ཡག་པོ་བསྐྲུན་པ་ཡི་ཐོག་མའི་བསམ་འདུན་གྱི་འགན་འཁྲིའང་བཤད་ཡོད། དེ་མིན་ད་དུང་ཀྲུང་གོ་འཛམ་གླིང་གར་སྟེགས་ཀྱི་དཀྱིལ་དབུས་སུ་བསྐྱོད་པའི་སྤོབས་ཉམས་བཤད་ཡོད། ཏང་ཀྲུང་དབྱང་གི《གྲོས་མགོ》དེ་མི་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྒྲོག་འགྲེལ་གྱི་ཚ་རླབས་མཆེད་པར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། མ་ཡིག་ཀློག་པ་དང་གཞི་རྩའི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། ཐོག་མའི་གསར་རྩོམ་གཙིགས་སུ་འཛིན་པ་བཅས་ཟུང་འབྲེལ་དམ་པོ་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་མཚོ་སྔོན་དུ་རྩ་བ་ཚུགས་ནས་རྩེ་མོ་རྣམ་པར་རྒྱས་པར་སྐུལ་འདེད་གང་ལེགས་གཏང་དགོས་ཟེར།