གུང་ཧོ་རྫོང་གི་ཁྲིམས་རས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་བཏང་བ།
གུང་ཧོ་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་མི་དམངས་ཁྲིམས་ཁང་གིས་རྫོང་མི་དམངས་ཁྲིམས་ཁང་ཉེས་དོན་འདྲི་གཅོད་ཁང་དང་མཉམ་འབྲེལ་སྒོས་གུང་ཧོ་རྫོང་གི2020ལོའི་གཞོན་ནུ་ལོ་ཆུང་གི་ལད་ཟློས་ཁྲིམས་རའི་བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་སྟེ་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་དང་། དུས་རབས་གསར་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྲུང་བ་བཅས་ཀྱི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ལད་ཟློས་ཁྲིམས་ར་ནི་སློབ་གྲྭ་འབྲིང་ཆུང་དུ་ཐོན་སླ་བའི་རིགས་ཀྱི་གྱོད་གཞི་དཔེ་མཚོན་དུ་བྱས་ནས་གུང་ཧོ་རྫོང་གི་མི་རིགས་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་དང་པོ་དང་། གུང་ཧོ་རྫོང་མཁར་བྱང་ཁུལ་གསར་གྱི་ལོ་དགུའི་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭ་སྟེ་གུང་ཧོ་རྫོང་མི་རིགས་སློབ་འབྲིང་གི་སློབ་གྲྭ་གསུམ་གྱི་སློབ་མ39ཡིས་འདྲི་གཅོད་པ་ཆེན་མོ་དང་། འདྲི་གཅོད་པ། དྲུང་ཡིག་སོགས་འཁྲབ་སྟེ། ཁྲིམས་རའི་འདྲི་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལད་ཟློས་བྱས་ཡོད། ལད་ཟློས་ཁྲིམས་རའི་འདྲི་གཅོད་མཇུག་རྫོགས་རྗེས། ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན། བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་བཅས་ཀྱི་ཁྲིམས་རྩོད་པས་སློབ་མ་ཚོར་ཁྲིམས་རའི་འདྲི་གཅོད་ཁྲོད་ཐོན་པའི་གནད་དོན་བསྟན་པར་མ་ཟད། ཁོང་ཚོའི་མཚོན་ཚུལ་ལ་ངོ་མཚར་ཆེ་བའི་དཔྱད་བརྗོད་ཀྱང་བྱས་པ་རེད།
སློབ་མ་རྣམས་དངོས་སུ་ཁྲིམས་ཁང་དུ་སོང་ནས་འདྲི་གཅོད་གོ་རིམ་དང་། འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཤེས་བྱའི་ལག་ལེན་སོགས། ཁྲིམས་ཀྱི་ལས་ཀའི་བརྒྱུད་རིམ་སོགས་ཁྲིམས་སྐྱོང་སློབ་གསོ་དང་ལེན་བྱས་ཏེ། བཅའ་ཁྲིམས་བརྩི་སྲུང་དང་བཅའ་ཁྲིམས་ལ་བཀུར་བའི་འདུ་ཤེས་ཇེ་མཐོར་བཏང་ཡོད་པ་རེད།