རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གི་ཆེད་མངགས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ཉེར་དགུ་པས་མཚོ་སྔོན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྙན་ཞུའི་ཚོགས་འདུ་བསྡུས་པ།
ཟླ11པའི་ཚེས3ཉིན། རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གིས་ཉིས་སྟོང་ཉི་ཤུ་ལོའི་སྐོར་ཐེངས་གཉིས་པའི་ཆེད་མངགས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ཉེར་དགུ་པ་མཚོ་སྔོན་ཞིང་ཆེན་དུ་བསྡད་དེ། ནག་འཇོམས་ངན་སེལ་ལས་དོན་བསྒྲུབས་པའི་སྐོར་གྱི་སྙན་ཞུའི་ཚོགས་འདུ་ཟི་ལིང་ནས་བསྡུས། རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཆེད་མངགས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ཉིན་དེ་ནས་བཟུང་མཚོ་སྔོན་ཞིང་ཆེན་དུ་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་མཛུབ་སྟོན་བྱེད་རྒྱུ་མ་ཟད། ཉིན་བཅུའི་རིང་ལྟ་སྐུལ་མཛུབ་སྟོན་བྱེད་རྒྱུ་རེད།
སྔ་དྲོ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་ཉན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཁྲིན་མེན་གོ་ཡིས་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་མུན་ཡུང་ཧྲན་ཚོགས་འདུར་ཞུགས།
རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གི་སྐོར་ཐེངས་གཉིས་པའི་དམིགས་བསལ་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ཉེར་དགུ་པའི་ཚན་གཙོ་མཱ་ཁྲི་ཡིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་དགོས་ཏེ། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆེད་དོན་འཐབ་རྩོད་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པའི་ཆོད་སེམས་དང་ཡིད་ཆེས་བརྟན་པོ་འཛིན་དགོས། ཞན་ཆར་དམ་པོར་དམིགས་ཏེ་མཁྲེག་གཏོར་དཀའ་སེལ་ལ་ཤུགས་བསྣན་ནས། གཙོ་གནད་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ་དང་མཉམ་ལས་གཞོགས་འདེགས་ལ་ཤུགས་བསྣན་ནས། ད་ཐེངས་ཀྱི་ཆེད་མངགས་ལྟ་སྐུལ་མཛུབ་སྟོན་ལས་དོན་བཟང་བོར་སྤེལ་དགོས་ཟེར།