དམངས་དོན་ཁྲིམས་གཞུང་གི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་ཆེད། ཟླ9པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་དང་མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་། དར་ལག་རྫོང་ཁྲིམས་འཛིན་ཅུས། ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་བཅའ་ཁྲིམས﹙དམངས་དོན་ཁྲིམས་གཞུང﹚གཞི་རིམ་དུ་སྐྱེལ་བའི་ལེའུ་བཅུ་གཅིག་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྟག་ཐོག་ཤང་ཁུག་ཉ་སྡེ་བར་སྤེལ། དར་ལག་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་སྐར་མགོན་གྱིས་མགོ་འཛིན་བྱས་ཤིང་། ས་གནས་མང་ཚོགས100ལྷག་བྱ་འགུལ་ལ་ཞུགས་ཡོད།
མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའམ་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གི་ཀྲུའུ་རེན་བུན་ཁྲང་རྒྱལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནི་ཀྲུང་གོ་གསར་པའི་ཁྲིམས་གཞུང་དུ་མིང་བཏགས་པའི་བཅའ་ཁྲིམས་ཐོག་མ་ཡིན་ཞིང་། དེ་ལ་ཁྱོན་བསྡོམས་ལེའུ7དང་དོན་ཚན1260ཡོད། ལེ་ཚན་སོ་སོའི་གོ་རིམ་ནི་སྤྱིའི་རྩ་དོན་དང་། རྒྱུ་དངོས་བདག་དབང་། གན་རྒྱ། མི་གཞིའི་ཐོབ་ཐང་། གཉེན་སྒྲིག་ཁྱིམ་ཚང་། ཤུལ་འཛིན། དབང་གནོད་འགན་འཁྲི་བཅས་དང་དེ་བཞིན་ཞར་བྱུང་དོན་ཚན་བཅས་ཡོད། ཁྲིམས་གཞུང་འདི་ཉིད་ད་ལོའི་ཟླ5པའི་ཚེས28ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་ནས་ཐག་བཅད་པ་དང་། 2021ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་སོགས་མང་ཚོགས་ཀྱིས་ངེས་པར་ཤེས་དགོས་པའི་ནང་དོན་གལ་ཆེན་བྱེ་བྲག་དངོས་ལ་བབས་ཏེ་སྒྲོག་འགྲེལ་བྱས་ཤིང་། 《དམངས་དོན་ཁྲིམས་གཞུང》གི་དགོངས་དོན་ནི་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་པས་དུས་ཚོད་ཐུང་ངུའི་ནང་བཤད་ཚར་བ་ཞིག་མིན་ལ། ཁྱེད་ཚོས་ཉིན་གཅིག་གཉིས་ནང་དུ་སྦྱངས་ཚར་བ་ཞིག་ཀྱང་གཏན་ནས་མིན་ཏེ། ང་ཚོས་ཉིན་རྒྱུན་འཚོ་བའི་ཁྲོད་དུ་དེ་ལ་སློབ་སྦྱོང་ཡག་པོ་བྱས་ན། ནམ་ཞིག་དམངས་དོན་ཁྲིམས་གཞུང་གི་དགོངས་དོན་དང་ང་ཚོའི་འཚོ་བའི་ངོ་བོ་གཉིས་གཞི་གཅིག་ཏུ་སྦྲེལ་ཐུབ་པའི་ཉིན་ཞིག་ཡོད་སྲིད་ཅེས་ཟེར།

《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》གྱི་ཀྲུའུ་རེན་གཞོན་པ་སྐལ་བཟང་རྒྱལ་གྱིས་དམངས་དོན་ཁྲིམས་གཞུང་གི་མཚན་ཉིད་དང་། རྒྱལ་ཁབ་ཀྱིས་འདི་འདྲའི་ཁྲིམས་གཞུང་ཞིག་གཏན་ཁེལ་བྱ་དགོས་པའི་དམིགས་ཡུལ། ཁྲིམས་གཞུང་འདི་བཟོ་བར་དུས་ནམ་ཞིག་ནས་མགོ་བརྩམས་པ་སོགས་གོ་བདེ་བའི་ངང་གསལ་འགྲེལ་བྱས་པ་དང་། དེ་ནས་དམངས་དོན་ཁྲིམས་གཞུང་སྤྱི་ཁོག་ནས་མཚམས་སྦྱོར་མདོར་བསྡུས་བྱས་པ་དང་མཉམ་དུ་ནང་གསེས་ཀྱི་གཉེན་སྒྲིག་ཁྱིམ་ཚང་གི་ལེའུ་དང་གན་རྒྱའི་ལེའུ། ཤུལ་འཛིན་གྱི་ལེའུ་སོགས་འབྲོག་པ་མང་ཚོགས་ཀྱི་དུས་རྒྱུན་འཚོ་བའི་ཁྲོད་བྱུང་དང་འབྱུང་བཞིན་པའི་གྱོད་དོན་འགའ་དཔེ་རུ་དྲངས་ཏེ་ཁ་གསལ་གོ་བདེའི་ངང་བཅའ་ཁྲིམས་ཀྱི་ལམ་ནས་དབྱེ་ཞིབ་བྱས་ནས། འབྲོག་པ་མང་ཚོགས་ཀྱི་རྒྱུད་ལ་དམངས་དོན་ཁྲིམས་གཞུང་གི་བག་ཆགས་ཙམ་བཞག་པ་དང་། ཁོ་ཚོའི་གཞུག་ཕྱོགས་ཀྱི་འཚོ་བའི་ཁྲོད་དུ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་བར་བཅའ་ཁྲིམས་ཀྱི་འདུ་ཤེས་ངེས་པར་མཐོར་འདེགས་གཏོང་དགོས་ཟེར།

《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》གྱི་རྩོམ་སྒྲིག་པ་ནམ་མཁའ་ཚེ་རིང་གིས་རང་རེའི་ཚགས་པར་གྱི་སྒྲུབ་སྟངས་དང་ཕན་ནུས་རེ་རེ་བཞིན་ངོ་སྤྲོད་བྱས་རྗེས། རང་རྒྱལ་གྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་མཚམས་སྦྱོར་རགས་བསྡུས་བྱས་པ་དང་འབྲེལ་ཏེ། ད་ལོར་དམངས་དོན་ཁྲིམས་གཞུང་ལས་གསར་དུ་གཏན་འཁེལ་བྱས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཁྲིམས་སྲོལ་རེ་རེ་བཞིན་གསལ་འགྲེལ་བྱས་ཤིང་། ཞོར་དུ་ཁྲིམས་མཐུན་ངང་རང་ས་གནས་ཀྱི་ཁོར་ཡུག་སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོང་བྱ་དགོས་པའི་འབོད་སྐུལ་བཏང་།
ཚོགས་འདུ་མཇུག་བསྒྲིལ་རྗེས། ཁུག་ཉ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་སྟག་ལོས་བཤད་རྒྱུར། ཐོག་མར་ངས་དགེ་རྒན་འདི་ཚོ་རྒྱང་ཐག་རིང་བའི་ཟི་ལིང་གྲོང་ཁྱེར་ནས་གནས་འདིར་ཕེབས་པར་བཀའ་དྲིན་ཞུ་བཞིན་ཡོད། ད་རེས་ཀྱི་ཚོགས་འདུའི་མགོ་མཇུག་བར་གསུམ་ལ་རང་གིས་གསལ་བོར་ཉན་ཏེ་ཟིན་བྲིས་བཏབ་པ་ཡིན་ལ། འདི་ལྟ་བུའི་ཚོགས་འདུ་ལ་ཞུགས་རྒྱུ་ནི་ཧ་ཅང་དཀོན་པོ་རེད། གོང་ནས་དགེ་རྒན་རྣམས་པས་བཤད་བཞིན་པའི་གན་རྒྱའི་བཅའ་ཁྲིམས་དང་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་སོགས་ནི་ང་ཚོས་ངེས་པར་ཤེས་དགོས་པ་དང་ཐད་ཀར་ང་ཚོ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དག་རེད། ཐེངས་འདིའི་ཁྲིམས་ལུགས་དྲིལ་སྒྲོག་ཚོགས་འདུ་འདིར་སློབ་སྦྱོང་བྱས་པ་བརྒྱུད། རྗེས་སུ་ང་རང་གིས་མཉམ་ལས་ཁང་གི་གན་རྒྱའི་རིགས་ལ་ཇི་ལྟར་མཉམ་འཇོག་བྱ་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་ཇི་ལྟར་སྲུང་སྐྱོང་བྱ་དགོས་པར་འདུ་ཤེས་ཟབ་མོ་ཞིག་སྐྱེས་སོང་ཟེར།


ཐེངས་འདིའི་བྱ་འགུལ་དུ། དམངས་དོན་ཁྲིམས་གཞུང་དང་བཅའ་ཁྲིམས་རྒྱུན་ཤེས་སྐོར་གྱི་དྲིལ་སྒྲོག་རྒྱུ་ཆ་དང་དཔེ་ཆ200ལྷག་བཀྲམས།