“སྡེ་བ་རེ་ལ་བཅའ་ཁྲིམས་བློ་སྟོན་པ་རེའི”གན་རྒྱ་འཇོག་པའི་མཛད་སྒོ་དར་ལག་རྫོང་དུ་བསྡུས་པ།—— དར་ལག་རྫོང་ཁྲིམས་འཛིན་ཅུས་དང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གཉིས་ཀྱིས“སྡེ་བ་རེ་ལ་བཅའ་ཁྲིམས་བློ་སྟོན་པ་རེ”ཞེས་པའི་བཅའ་ཁྲིམས་ཞབས་ཕྱིའི་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས་པ།གསར་འགོད་པ། ནམ་མཁའ་ཚེ་རིང་།
གཞི་རིམ་ས་ཁུལ་དུ་བཅའ་ཁྲིམས་ཞབས་ཕྱི་ཡོངས་ཁྱབ་ཏུ་སྤེལ་ནས་རང་འབྲོག་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད། ཟླ9པའི་ཚེས18ཉིན། ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་དང་དར་ལག་རྫོང་ཁྲིམས་འཛིན་ཅུས་གཉིས་ཀྱིས“སྡེ་བ་རེ་ལ་བཅའ་ཁྲིམས་བློ་སྟོན་པ་རེ”ཞེས་པའི་བཅའ་ཁྲིམས་ཞབས་ཕྱིའི་གན་རྒྱ་འཇོག་པའི་མཛད་སྒོ་དར་ལག་རྫོང་ཁྲིམས་འཛིན་ཅུས་སུ་སྤེལ། མཛད་སྒོའི་སྟེང་དུ་མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའམ་ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གི་ཀྲུའུ་རེན་བུན་ཁྲང་རྒྱལ་དང་། དར་ལག་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་སྐར་མགོན། 《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》གྱི་ཀྲུའུ་རེན་གཞོན་པ་སྐལ་བཟང་རྒྱལ། མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གི་ཁྲིམས་རྩོད་པ་ཀྲོའོ་ཡན་ཧྭ་དང་རིན་ཅིན་ཐེན། རྫོང་ཁྲིམས་འཛིན་ཅུས་ཀྱི་བཅའ་ཁྲིམས་ཞབས་ཕྱིའི་འབྲེལ་གཏུག་མཁན། དེ་མིན་སྡེ་བ་དང་མཉམ་ལས་ཁང་སོ་སོའི་ཀྲུའུ་རེན་སོགས་ཞུགས་ཡོད་ལ། ཁྲིམས་འཛིན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་སྐལ་བཟང་མཚོས་མགོ་འཛིན་གནང་།
དར་ལག་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་སྐར་མགོན།
མཛད་སྒོའི་སྟེང་དུ་ཅུས་ཀྲང་སྐར་མགོན་གྱིས་བཤད་རྒྱུར། ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གིས་འདས་པའི་ལོ་གཅིག་གི་རིང་དུ་བཅའ་ཁྲིམས་ཞབས་ཕྱིའི་གན་རྒྱ་བཞག་པ་ནས་ད་བར་དུ་ཁྲིམས་ལུགས་ཞབས་ཕྱི་བསྒྲུབས་པ་ཧ་ཅང་བཟང་སྟེ། ཁོ་ཚོས《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》གྱི་རྩོམ་སྒྲིག་པའི་དཔུང་སྡེ་དང་མཉམ་འབྲེལ་བྱས་ཏེ། ཕ་སྐད་གཙང་མའི་ལམ་ནས་རྒྱ་ཆེའི་བོད་རིགས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ལ་ཀུན་སློང་གཙང་མའི་སྒོ་ནས་ཚད་ལྡན་གྱི་ཁྲིམས་ལུགས་ཞབས་ཕྱི་སྒྲུབ་མཁན་ཞིག་ཡིན་ཕྱིར། ངེས་པ་དོན་གྱིས་རང་ས་གནས་ཀྱི་མང་ཚོགས་རྣམས་ལ་བཅའ་ཁྲིམས་ཞབས་ཕྱི་མི་ཉུང་བ་ཞིག་བསྒྲུབས་ཡོད་པས་ཚང་མའི་མགུ་གང་ཡོད། ས་གནས་མང་ཚོགས་དང་ཁོ་ཚོའི་བར་དུ་སྐད་བརྡ་འཕྲོད་པར་དཀའ་ལས་ཅི་ཡང་མེད་ལ། རང་སེམས་ཀྱི་སྐྱིད་སྡུག་གང་རུང་ཁྲིམས་རྩོད་པར་བོད་སྐད་ཀྱིས་ཇི་བཞིན་བཤད་ཆོག་ཅིང་། ཁྲིམས་རྩོད་པའི་བསམ་ཚུལ་དང་བཀོད་སྒྲིག་ཀྱང་ཇི་བཞིན་གསལ་བོར་གོ་ཐུབ་པ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པས། ད་ལོར་ཡང་མུ་མཐུད་ནས་ཕན་ཚུན་བར་གན་རྒྱ་བཞག་ནས་ས་གནས་མང་ཚོགས་ལ་བཅའ་ཁྲིམས་ཞབས་ཕྱི་བསྒྲུབ་རྒྱུའི་གོ་སྐབས་འདི་བརྩོན་ལེན་བྱས་པ་ཡིན་ཟེར།
མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའམ་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གི་ཀྲུའུ་རེན་བུན་ཁྲང་རྒྱལ་གྱིས་ཁྲིམས་འཛིན་ཅུས་ལ་གན་རྒྱ་འཇོག་བཞིན་པ།
མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གི་ཀྲུའུ་རེན་བུན་ཁྲང་རྒྱལ་གྱིས་འདས་སོང་བའི་ལོ་ངོ་གཅིག་གི་རིང་དུ་ངེད་བཅའ་ཁྲིམས་ཞབས་ཕྱི་ཁང་གིས་རྩ་འཛུགས་དང་གོ་རིམ་ལྡན་པའི་ངང་ནས་ཁ་པར་དང་སྐད་འཕྲིན་གྱི་ལམ་ནས་གྱོད་དོན་གང་རུང་ལ་བློ་འདྲི་བྱས་པར་ལན་འདེབས་པ་དང་ཁྲིམས་ཁང་ལ་གཏུག་ཡིག་འབྲི་རོགས་བྱེད་པ་སོགས་ཀྱི་བྱ་བ་ཧུར་ཐག་གིས་བསྒྲུབས་པ་ཡིན་ཏེ། ཁྱད་པར་དུ་ད་ལོའི་རིམས་ནད་འགོག་རྒོལ་སྐབས་སུ་སྡེ་བ་གང་མང་གི་སྐད་འཕྲིན་ཚོགས་པ་བརྒྱུད་དེ། རིམས་ནད་འགོག་རྒོལ་གྱི་ཤེས་བྱ་དང་སྐབས་སུ་བབས་པའི་སྲིད་ཇུས་སོགས་ཀྱང་དྲིལ་སྒྲོག་བྱས་པ་ཡིན། མ་འོངས་པའི་དུས་ནའང་བཅའ་ཁྲིམས་ཞབས་ཕྱིའི་ཁྱབ་ཁོངས་འཐུས་ཚང་ཅན་དུ་གཏོང་བ་དང་སྤུས་ཚད་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་འབད་པ་བྱ་ངེས་ཡིན་ཟེར།


དེ་ནས་དར་ལག་རྫོང་གི་གྲོང་རྡལ3དང་ཤང10ཡི་སྲིད་འཛིན་སྡེ་བ33བར་དུ“སྡེ་བ་རེ་ལ་བཅའ་ཁྲིམས་བློ་སྟོན་པ་རེ”ཞེས་པའི་བཅའ་ཁྲིམས་ཞབས་ཕྱིའི་གན་རྒྱ་བཞག་པ་དང་ཆབས་ཅིག མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་དར་ལག་རྫོང་ཁྲིམས་འཛིན་ཅུས་ཀྱི་ཆེད་བསྐོས་བཅའ་ཁྲིམས་བློ་འདྲིའི་ལས་ཁུངས་སུ་བསྐོས་པའི་གན་རྒྱ་བཞག་ནས་མཛད་སྒོ་ཡོངས་སུ་མཇུག་བསྡུས།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།