པདྨ་རྫོང་གི་འབྲེལ་ཡོད་ལས་ཁུངས་དང་ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གིས་བཅའ་ཁྲིམས་བློ་སྟོན་པའི་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས་པ།
ཟླ9པའི་ཚེས17ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་མི་དམངས་སྲིད་གཞུང་། རྫོང་ཞིང་ཕྱུགས་ཆུ་བེད་ཚན་རྩལ་ཅུས། རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། རྫོང་སློབ་གསོ་ཅུས་བཅས་ཀྱིས་ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་ཁོ་ཚོའི་བཅའ་ཁྲིམས་བློ་འདྲི་བྱེད་སའི་ལས་ཁུངས་སུ་བསྐོས་པའི་གན་རྒྱ་བཞག་པ་དང་ཆབས་ཅིག རྫོང་ཁྲིམས་འཛིན་ཅུས་ཀྱིས“སྡེ་བ(སྡོད་ཁུལ)རེ་ལ་བཅའ་ཁྲིམས་བློ་སྟོན་པ་རེའི”མིང་རྟགས་འགོད་པའི་མཛད་སྒོ་བསྡུས། ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་དང་པདྨ་རྫོང་གི་ལས་ཁུངས4དང་སྡེ་བ32། སྡོད་ཁུལ2བཅས་དབར་ལ་བཅའ་ཁྲིམས་ཞབས་ཕྱིའི་འབྲེལ་བ་དངོས་སུ་ཚུགས་པ་རེད།
པདྨ་རྫོང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཀའོ་ཆིང་གིས་བསྟན་དོན། ད་ཐེངས་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་འདི་ནི་རྫོང་སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་དང་། སྲིད་གཞུང་གིས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་ལ་ཁྲིམས་ལྟར་ཇུས་ཐག་གཅོད་པར་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་བླང་བྱ་ཞིག་སྟེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། བཅའ་ཁྲིམས་ཞབས་ཕྱི་ཁང་གིས་ཁྲིམས་ལྟར་སྲིད་འཛིན་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུའི་སྤྱིའི་དམིགས་འབེན་འདི་ལ་དམ་པོར་དམིགས་ཏེ། རང་ངོས་ཀྱི་རྒྱ་བོད་སྐད་གཉིས་ཀྱི་བཅའ་ཁྲིམས་ཞབས་ཕྱིའི་དམིགས་བསལ་ལེགས་ཆ་དང་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱས་ནས། ཏན་ཏིག་གིས་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་སྟེ་སྲིད་གཞུང་ལ་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་ཐག་གཅོད་བྱེད་ཐབས་འདོན་དགོས། རྫོང་ཁྲིམས་འཛིན་ཅུས་ཀྱིས་དོ་དམ་དང་མཛུབ་ཁྲིད་ལ་ཤུགས་བསྣན་ནས་བཅའ་ཁྲིམས་བློ་སྟོན་པས་འགན་འཁྲི་སྒྲུབ་པའི་བྱ་བར་མཐུན་རྐྱེན་བསྐྲུན་ཏེ། བཅའ་ཁྲིམས་བློ་སྟོན་པས་བྱ་བའི་ལམ་སྲོལ་དང་འཆར་གཞི་ལྟར་བྱེད་སྒོ་སྤེལ་བར་ཏན་ཏིག་གིས་འགན་ལེན་བྱས་ནས་སྲིད་གཞུང་གི་ཁྲིམས་སྐྱོང་བྱ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏང་དགོས་ཟེར།
པདྨ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའམ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལྷ་ཆེན་ཚེ་རིང་གིས་རྫོང་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཕྱོགས་གཉིས་པོའི་ལོ་འཁོར་གྱི་བཅའ་ཁྲིམས་བློ་སྟོན་པའི་གན་རྒྱ་བདེ་བླག་ངང་བཞག་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། རྫོང་སྲིད་གཞུང་ཁྲིམས་ལུགས་གཞུང་ལས་ཁང་དང་རྫོང་ཁྲིམས་འཛིན་ཅུས་སོགས་སྡེ་ཁག་དག་གིས་ཞབས་ཕྱི་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་དགོས་ལ། རང་འཁྲིའི་ལས་འགན་ལ་གཞི་བཙུགས་ཏེ་རང་འགུལ་ངང་བྱས་རྗེས་འཇོག་པ། མཉམ་ལས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས།བཅའ་ཁྲིམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་བ་བྱེད་པ་དང་། དུས་མཚུངས་སུ་ཞབས་ཕྱི་ཕྱོགས་ཀྱིས་མཉམ་ལས་ཀྱི་གོ་སྐབས་ལ་གཅེས་འཛིན་བྱས་ཏེ། གན་རྒྱའི་འོས་འགན་ལག་བསྟར་ནན་མོ་བྱས་ནས་ཡུན་རིང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏང་དགོས་པ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཁྲིམས་ལྟར་འབྲེལ་ཡོད་བཅའ་ཁྲིམས་བློ་སྟོན་ཞབས་ཕྱིའི་ལས་དོན་སྤེལ་བ། སྒྲིག་ཁྲིམས་ནན་དུ་གཏོང་བ་དང་སྤྱོད་ལམ་ནན་དུ་བཏང་ནས་ཁྲིམས་ལྟར་སྲིད་འཛིན་ལ་རམ་འདེགས་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས་ཟེར།
པདྨ་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ཐེན་ཞའོ་ཧུང་གིས་བཤད་རྒྱུར། པད་མ་རྫོང་ཁྲིམས་འཛིན་ཅུས་ཀྱིས་སྡེ་བའི(སྡོད་ཁུལ) བཅའ་ཁྲིམས་བློ་སྟོན་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། རིམ་པ་ཁག་གི་སྲིད་གཞུང་གི་ཡིག་བསྐུར་ངོ་བཅར་དང་། ཁྲིམས་འབྲེལ་ཞུ་གཏུག་ཅན་གྱི་ཡིག་བསྐུར་ངོ་བཅར་གྱི་དོན་དག་ཐག་གཅོད་བྱ་རྒྱུར་བཅའ་ཁྲིམས་ཀྱི་ཞབས་ཕྱི་མཁོ་འདོན་བྱ་རྒྱུ་དང་། འགལ་ཟླ་དང་རྩོད་གཞི་སེལ་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ། འབྲོག་པ་མང་ཚོགས་ཀྱིས་དེ་བས་ལེགས་པའི་སྒོ་ནས་བཅའ་ཁྲིམས་སྤྱད་དེ་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཟེར།
ཐེངས་འདིའི་མཉམ་ལས་གོ་སྐབས་སུ་བཟུང་སྟེ། ནུས་ཤུགས་གང་ཡོད་བཏོན་ནས་ཞབས་ཕྱིའི་འགན་འཁྲི་ནན་ཏན་གྱིས་བསྒྲུབ་རྒྱུ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བློ་སྟོན་ལས་ཁུངས་ལ་ཁྲིམས་མཐུན་རང་བཞིན་དང་ལུགས་མཐུན་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པའི་ཆེད་ལས་བསམ་འཆར་བཏོན་ཏེ། པདྨ་རྫོང་གི་ཁྲིམས་ལུགས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བཅས་ལ་ང་ཚོ་བཅའ་ཁྲིམས་ཞབས་ཕྱིའི་དཔུང་སྡེ་ཡོངས་ནས་སྟོབས་ཤུགས་ཡོད་ཚད་འདོན་ངེས་ཡིན་ཞེས་ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གི་ཀྲུའུ་རེན་བུན་ཁྲང་རྒྱལ་གྱིས་བཤད།