མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

བཅའ་ཁྲིམས་གཞི་རིམ་དུ་སྐྱེལ་བའི་ལེའུ་བཅུ་བ།

སངས་བཀྲ།  2020-09-21 16:01:31 


 བཅའ་ཁྲིམས་གཞི་རིམ་དུ་སྐྱེལ་བའི་ལེའུ་བཅུ་བ།

                    —《དམངས་དོན་ཁྲིམས་གཞུང》པདྨ་རྫོང་སྨར་ཁོག་ཤང་དུ་དྲིལ་སྒྲོག་བྱས་པའི་གནས་ཚུལ།

 

དམངས་དོན་ཁྲིམས་གཞུངལ་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་ཏུ་སྤེལ་ཏེ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོར་འདེགས་སུ་གཏང་ཆེད། ཟླ9པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་དང་མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་། པདྨ་རྫོང་ཁྲིམས་འཛིན་ཅུས། ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་བཅས་ཀྱིས་མཉམ་སྒྲུབ་བྱས་པའི་བཅའ་ཁྲིམས(《དམངས་དོན་ཁྲིམས་གཞུང》)གཞི་རིམ་དུ་སྐྱེལ་བའི་ལེའུ་བཅུ་བའི་མཛད་སྒོ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྨར་ཁོག་ཤང་དུ་སྤེལ་བ་དང་། མཛད་སྒོའི་སྟེང་དུ་མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའམ་ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གི་ཀྲུའུ་རེན་བུན་ཁྲང་རྒྱལ་དང་། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པརགྱི་ཀྲུའུ་རེན་གཞོན་པ་སྐལ་བཟང་རྒྱལ། པདྨ་རྫོང་འདུམ་འགྲིག་ལྟེ་གནས་ཀྱི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་རྟ་མགྲིན་རྒྱལ། ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གི་ཁྲིམས་རྩོད་པ་ཀྲོ་ཡན་ཧྭ། དེ་མིན་སྨར་ཁོག་ཤང་གི་འབྲེལ་ཡོད་མགོ་ཁྲིད་དང་ས་གནས་མང་ཚོགས150ལྷག་ཞུགས་ཡོད། 


མཛད་སྒོའི་སྟེང་དུ་པདྨ་རྫོང་འདུམ་འགྲིག་ལྟེ་གནས་ཀྱི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་རྟ་མགྲིན་རྒྱལ་གྱིས་མགོ་འཛིན་དང་གཏམ་བཤད་གནང་ཞིང་། མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའམ་ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གི་ཀྲུའུ་རེན་བུན་ཁྲང་རྒྱལ་གྱིས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་དང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གི་ངོས་ཐད་ནས། གཞི་རིམ་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་དུ་བཅའ་ཁྲིམས་དྲིལ་སྒྲོག་གི་ནུས་པ་ག་འདྲ་ཞིག་ཐོན་ཡོད་པ་དང་། དེར་མ་ཟད་སྐད་གཉིས་ཀྱི་ལམ་ནས་ཁྲིམས་ལུགས་ཀྱི་འདུ་ཤེས་ཅུང་ཞན་པའི་འབྲོག་དམངས་དག་ལ་བཅའ་ཁྲིམས་ཀྱི་ཤེས་བྱ་གསལ་འགྲེལ་གང་མང་བྱས་ཤིང་། ལྷག་པར་དུ་མི་འགྱངས་བར་ལག་ཏུ་བསྟར་དགོས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》འདི་ནི། སྤྱི་དམངས་ཡོངས་ཀྱིས་རང་གི་ཁེ་དབང་སྲུང་ཕྱིར་ངེས་པར་སྦྱངས་དགོས་ལ། དེང་གི་དུས་འདིར་ངེས་པར་ཤེས་དགོས་ཚུལ་གྱི་གལ་ཆེན་རང་བཞིན་བཤད་དེ། ང་ཚོས་དེང་རབས་སྨྱན་གསར་གྱི་ཆ་འཕྲིན་སྤྱད་ནས་རྒྱ་ཆེའི་འབྲོག་དམངས་ལ་ཐད་ཀར་བཅའ་ཁྲིམས་ཞབས་ཕྱི་མཁོ་འདོན་བྱས་ཏེ། འབྲོག་དམངས་རྣམས་ལ་དོན་དག་བསྒྲུབ་ཚེ་བཅའ་ཁྲིམས་གཞི་འཛིན་དགོས་པ་དང་། དོན་རྐྱེན་དང་འཕྲད་ཚེ་ཁྲིམས་བཙལ་དགོས་པ། གནད་དོན་ཐག་གཅོད་བྱེད་ཚེ་ཁྲིམས་ལ་བརྟེན་དགོས་པའི་འདུ་ཤེས་ཆགས་སུ་འཇུག་དགོས་ཤིང་། མུ་མཐུད་དུ་སྐད་གཉིས་བཅའ་ཁྲིམས་ཞབས་ཕྱིའི་དཔུང་སྡེ་འཛུགས་སྐྲུན་བྱས་ནས་གཞི་རིམ་མང་ཚོགས་ལ་བཅའ་ཁྲིམས་ཞབས་ཕྱི་དང་ཁྲིམས་ལུགས་དྲིལ་སྒྲོག་བྱེད་པའི་འོས་འགན་ཕྲག་ཏུ་བླངས་ནས་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན་ཟེར།

མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར གྱི་ཀྲུའུ་རེན་གཞོན་པ་སྐལ་བཟང་རྒྱལ་གྱིས། ཐོག་མརདམངས་དོན་ཁྲིམས་གཞུངགི་སྤྱིའི་རྩ་དོན་དང་དངོས་པོའི་བདག་དབང་། གན་རྒྱ། མི་གཞིའི་དབང་ཆ། གཉེན་སྒྲིག་ཁྱིམ་ཚང་། ཤུལ་འཛིན། དབང་གནོད་འགན་འཁྲི་བཅས་ལེའུ་བདུན་གཙོ་གནད་དུ་བཟུང་ནས་གསལ་འགྲེལ་བྱས་པ་དང་། དེའི་འཕྲོར་ཉེ་བའི་ལོ་ཤས་རིང་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཁྲོད་ནམ་རྒྱུན་བྱུང་དང་འབྱུང་བཞིན་པའི་དཔེ་མཚོན་གྱོད་དཔེ་སྣ་མང་ལ་སྦྱར་ཏེ།དམངས་དོན་ཁྲིམས་གཞུངགི་མ་ལག་དང་ཁྱད་ཆོས། གཏན་འབེབས་དོན་ཚན་གསར་པ་དང་དེའི་སྤྱི་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་དམིགས་ཏེ་ཁ་གསལ་གོ་བདེའི་ངང་གསལ་བཤད་བྱས་ཤིང་། ཁྲིམས་གཞུང་འདི་ནི་མང་ཚོགས་རྣམས་ཀྱི་དུས་རྒྱུན་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་ཞིང་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་བའི་ཁྲིམས་ལུགས་ལག་ཆ་གལ་ཆེན་ཞིག་ཡིན་པས། མ་འོངས་པར་མང་ཚོགས་རྣམས་ཀྱིསདམངས་དོན་ཁྲིམས་གཞུངལ་སློབ་སྦྱོང་དང་ལག་ལེན་གང་ལེགས་བྱ་རྒྱུ་དེ་དོན་གལ་ཆེན་ནང་གི་འགངས་ཆེན་ཡིན་ཟེར།


དེའི་རྗེས་སུ་པདྨ་རྫོང་འདུམ་འགྲིག་ལྟེ་གནས་ཀྱི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་རྟ་མགྲིན་རྒྱལ་གྱིས་སྤྱི་སྡོམ་གྱི་ཚུལ་དུ། མགོ་ཁྲིད་རྣམས་བྲེལ་ཟིང་གི་བྱ་བའི་ཁྲོད་མཛད་སྒོ་འདིར་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་སྟེ། མང་ཚོགས་རྣམས་ལ་སྔར་མེད་ཀྱི་ཐོབ་བྱ་མང་པོ་བསྩལ་ཅིང་ནུས་ཤུགས་ཡོད་རྒུས་མི་འདང་སར་ཁ་བསྐངས་པ་དང་། སྔར་ལས་ལྷག་པར་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་སྲུང་སྐྱོང་དང་དམངས་ཚིས་ཞབས་ཕྱི་ལ་ཁག་ཐེག  སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་མི་དམངས་ཀྱི་ཉིན་ལྟར་འཕེལ་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོར་མཐུན་རྐྱེན་གང་ལེགས་བསྐྲུན་པ་ལ་ཁོས་འབྲོག་དམངས་ཡོངས་ཀྱི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར།

མཇུག་མཐར། མཛད་སྒོའི་སྟེང་ཞུགས་པའི་ས་གནས་མང་ཚོགས་ལ་རིན་མེད་སྒོསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམསདཔེ་དེབ་དང་།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་གྱི་ལོ་འཁོར35ཡི་དཔེ་ཚོགས་དང་ཚགས་པར་སོགས་ཁྲིམས་ལུགས་དྲིལ་སྒྲོག་གི་རྒྱུ་ཆ150ལྷག་བྱིན་རྗེས་མཛད་སྒོ་ཡོངས་སུ་མཇུག་རྫོགས།



རྩོམ་སྒྲིག་པ། སྐལ་བཟང་རྒྱལ།