ཟླ9པའི་ཚེས19ནི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཐེངས་20པ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གྱིས“དུས་རབས་གསར་པར་མདུན་སྐྱོད་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་སྒྲུབ་པའི”བརྗོད་དོན་གཙོ་བོར་དམིགས་ཏེ། ཟི་ལིང་གྲོང་ཁྱེར་གྱི་དཀྱིལ་སྙིང་ཐང་ཆེན་དུ་དམངས་ཡོངས་རྒྱལ་སྲུང་སློབ་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། དམག་དཔུང་དང་ས་གནས་ཀྱིས་རིག་རྩལ་འཁྲབ་སྟོན་དང་རྒྱལ་སྲུང་སློབ་གསོའི་བརྗོད་བྱ་གཙོ་བོའི་པར་རིས་འགྲེམས་སྟོན་གྱི་རྣམ་པ་བརྒྱུད་དེ། མང་ཚོགས་ལ་རྒྱལ་སྲུང་ཁྲིམས་སྲོལ་གྱི་ཤེས་བྱ་ཁྱབ་གདལ་བཏང་ཞིང་། བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏང་བའི་གྲུབ་འབྲས་དྲིལ་སྒྲོག་བྱེད་པ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་མངོན་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་སྲུང་འདུ་ཤེས་དང་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཆེ་རུ་བཏང་སྟེ། རྒྱལ་སྲུང་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་བཟང་པོ་བསྐྲུན་དགོས་ཟེར།
ཐེངས་འདིའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དམག་ཁུལ་ཆབ་སྲིད་ལས་དོན་ཅུའུ་ཡིས་གཙོ་གཉེར་བྱས་པ་ཞིག་རེད། ཞིང་ཆེན་རྒྱལ་སྲུང་སློབ་གསོའི་གཞུང་ལས་ཁང་དང་ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྒྲུབ་འགན་འཁུར་བའི2020ལོའི་དམངས་ཡོངས་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཀྱང་རེད། བྱེད་སྒོ་སྤེལ་ཉིན་དེར། མཚོ་སྔོན་ཞིང་ཆེན་དམག་ཁུལ་དང་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག ཟི་ལིང་གྲོང་ཁྱེར་རིག་གནས་ཁང་སོགས་དམག་དཔུང་དང་ས་གནས་ཀྱི་རིག་རྩལ་ལས་དོན་པས་ཡུལ་དངོས་སུ་ལྟད་མོ་བར་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། གཙོ་གཉེར་ཚན་པས་ད་དུང་ཐང་ཆེན་དུ་རྒྱལ་སྲུང་སློབ་གསོའི་འགྲེམས་པང56དང་ལོ་རྒྱུས་ཡིག་ཚགས་ཀྱི་ལོ་རྒྱུས་དཔྱད་གཞིའི་པར་རིས400ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། ཡུལ་དངོས་སུ《རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས》དང་། 《དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་རྩ་གནད》སོགས་དྲིལ་སྒྲོག་དཔྱད་ཡིག4000ལྷག་ཙམ་དང་རྒྱལ་སྲུང་སློབ་གསོའི་དྲིལ་སྒྲོགUསྡེར་བརྒྱ་ཕྲག་ཁ་ཤས་སྤྲད་པ་རེད།
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་ལོ་མཇུག་བར་སྤེལ་རྒྱུ་རེད་ལ། དེའི་རིང་རིག་རྩལ་འཁྲབ་སྟོན་དང་། པར་རིས་འགྲེམས་སྟོན། གཏམ་བཤད་འགྲན་བསྡུར། ཆེད་དོན་འཆད་ཁྲིད་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་སྒོས། མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱལ་སྲུང་སློབ་གསོ་སེམས་སུ་ཟུག་པར་སྐུལ་འདེད་གཏང་དགོས་ལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། དམག་ལ་དགའ་ཞེན་བཅས་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་འདིང་བ་དང་། དམག་གཅེས་དམངས་གཅེས་དང་དམངས་ཀྱིས་དམག་བཀུར་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་རྒྱུན་ཆད་མེད་པར་ཆགས་པ་བྱ་དགོས། དམག་དམངས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་སྒོས་མདུན་སྐྱོད་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་པ་བསྟན།