ཟླ9པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་མཚོ་ནུབ་ཁུལ་གྱི་ལས་བྱེད་པའི་ཚོགས་ཆེན་ལ་ཞུགས་ནས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་མཚོ་ནུབ་ཁུལ་ཏང་ཨུའི་མགོ་ཁྲིད་གཙོ་བོའི་བསྐོ་འཐེན་སྐོར་གྱི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ཁྱབ་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་དབྱིན་པེ་ཡིས་གཏམ་བཤད།
ཞིང་ཆེན་ཏང་ཨུས་གཏན་འབེབས་བྱས་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བློ་མཐུན་དབྱིན་པེ་ཡིས་ཀྲུང་གུང་མཚོ་ནུབ་ཁུལ་ཏང་ཨུའི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི། མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ས་ཁུལ་གྱི་ཏང་གི་ལས་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་འཁུར་རྒྱུའི་གྲོས་ཐག་བཅད། ཝུན་གོ་ཏུང་གི་གོ་གནས་གཞན་དག་འབྲེལ་ཡོད་གཏན་འབེབས་ལྟར་མེད་པར་བཟོ་རྒྱུ་གཏན་འབེབས་བྱས།
ཝང་ཅན་ཅུན་གྱིས་གཏམ་བཤད་ཁྲོད་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་གཏན་འབེབས་ལྟར་བློ་མཐུན་དབྱིན་པེ་ཡིས་ཀྲུང་གུང་མཚོ་ནུབ་ཁུལ་ཏང་ཨུའི་མགོ་ཁྲིད་གཙོ་བོའི་འགན་གཅིག་ལྕོགས་སུ་འཁུར་རྒྱུའི་ཐག་བཅད། འདི་ནི་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་དང་ས་གནས་ཀྱི་དོན་དངོས་ལ་གཞིགས་ནས། ཕྱོགས་ཡོངས་ནས་བསམ་བློ་གཏོང་བ་དང་ཞིབ་འཇུག་གཟབ་ནན་བྱས་ནས་ཐག་གཅོད་བྱས་པ་ཞིག་ཡིན། ཞིང་ཆེན་ཏང་ཨུས་མཚོ་ནུབ་ཁུལ་གྱི་རིམ་པ་སོ་སོའི་ལས་བྱེད་པས་ཆབ་སྲིད་ལ་དང་དོད་དང་སྒྲིག་ཁྲིམས་ལ་བརྩི་སྲུང་བྱ་ངེས་ཡིན་པར་ཡིད་ཆེས་ཡོད། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། བློ་མཐུན་དབྱིན་པེ་ཡིས་འགན་འཁྲི་སྔར་ལས་ལེགས་པར་འཁུར་བར་རྒྱབ་སྐྱོར་བྱ་དགོས་ཤིང་། མཚོ་ནུབ་ཀྱི་ལས་དོན་རྒྱུན་ཆད་མེད་པར་མདུན་ནས་མདུན་དུ་སྐྱོད་པར་སྐུལ་འདེད་གཏང་དགོས་ཟེར།