ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་སྔོན་མཚོ་སྔོན་དུ་བརྟག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི་རང་རྒྱལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་རིམ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་རྩོམ་ལ་ཉེ་བའི་སྐབས་ཀྱི་འཐབ་ལམ་གསར་པའི་ལོ་རྒྱུས་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་སློབ་ཅིང་གོ་བ་མཐིལ་ཕྱིན་པར་ལོན་དགོས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ཏུ་ལོན་པ། བོད་འབྲེལ་བྱ་བའི་ཐད་དུ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་ཡང་དག་པར་ཁོང་དུ་ཆུད་པ། དོན་དངོས་ནས་མགོ་བརྩམས་ཏེ་གསར་གཏོད་རང་བཞིན་གྱིས་བྱ་བ་བསྒྲུབས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་ཤིང་། བོད་ལྗོངས་དང་བོད་འབྲེལ་གྱི་ཁུལ་དང་རྫོང་གི་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང་དགོས།
ཚེས14ཉིན་ནས་ཚེས15ཉིན་བར། ཝང་དབྱང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཕེབས་ཤིང་། མི་རིགས་སློབ་འབྲིང་དང་གནས་སྤོར་དབུལ་སྐྱོར་བཀོད་སྒྲིག་བྱེད་གནས། ཆོས་ལུགས་བྱ་འགུལ་སྤེལ་གནས། ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་སུ་ཕེབས་ཏེ་གནས་ཚུལ་རྒྱུས་ལོན་མཛད་པར་མ་ཟད། མགོ་འཛིན་མཛད་ནས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུས“བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ”ཡི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་གསན། ཝང་དབྱང་གིས་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་གྱི་བོད་འབྲེལ་བྱ་བའི་ཐད་བླངས་པའི་མངོན་གསལ་གྱི་གྲུབ་འབྲས་ཁས་ལེན་གང་ལེགས་མཛད། ཁོང་གིས་ནན་གྱིས་བསྟན་དོན། “བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ”ཡི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་ནི་མིག་སྔར་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་ལ། རྗེས་ཕྱོགས་ཀྱི་བྱ་བ་བཟང་པོར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། ཆེད་དུ་དུས་ཚོད་བཀོད་སྒྲིག་བྱས་ཏེ་སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་ཏུ་བྱེད་པ་དང་། མ་རྩོམ་སློབ་དགོས་ལ་དེའི་གནས་ལུགས་རྟོགས་དགོས། དེའི་གྲུབ་ཚུལ་ཤེས་དགོས་ལ་ཇི་ལྟར་དེ་ལྟར་གྲུབ་པའི་གནས་ལུགས་ཤེས་སུ་བཅུག་སྟེ། དགོངས་དོན་གྱི་ངོ་བོ་དང་དོན་གྱི་སྙིང་བོར་གོ་བ་ལོན་དགོས། བྱེད་སྟངས་སྣ་མང་དང་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱེད་པ་དང་། མང་ཚོགས་ཀྱིས་ཉན་འདོད་པ་དང་ཉན་ན་གོ་སླ་བའི་སྐད་ཆ་དང་ཉན་འདོད་མཐོང་འདོད་ཀྱི་བྱེད་ཐབས་མཁས་པར་སྤྱད་ནས་འགྲེལ་བཤད་བརྒྱབ་སྟེ། གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་སེམས་སུ་ངེས་པར་བྱེད་དགོས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒིག་གཤིབ་བསྡུར་བྱེད་པ་དང་། དོན་དངོས་དང་སྦྲེལ་ནས་མི་འདང་ས་དང་ཞན་ཆ་བཙལ་ནས། བྱ་བའི་ལས་འགན་ཞིབ་ཚགས་སུ་གཏོང་བ་དང་། བྱ་བའི་རྩིས་ཐོ་བཟོས་ཏེ། དུས་བཅད་ལྟར་རྩིས་ཐོར་ཞིབ་བཤེར་དང་གཤིབ་བསྡུར་བྱེད་པ་དང་། རྩིས་ཐོར་སྡོམ་རྩིས་རྒྱག་པ་དང་མེད་པར་བཟོ་དགོས། བྱེ་བྲག་གི་བྱ་བ་སེམས་ཆུང་བརྟན་བརླིང་ངང་རྒྱུན་འཁྱོངས་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་སྲུང་བྱས་ཏེ། དངོས་གནས་ལེགས་སྒྲིག་བྱེད་དགོས་པའི་སྲིད་ཇུས་ཕྱོགས་མང་པོ་ནས་རིགས་པས་བསྒྲུབས་ནས་གཏན་འབེབས་ལག་ལེན་བྱེད་དགོས།
ཝང་དབྱང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་བོད་ལྗོངས་དང་བོད་འབྲེལ་གྱི་ཁུལ་དང་རྫོང་གི་ཡུན་རིང་བདེ་འགོད་ལ་སྐུལ་འདེད་བྱེད་པར་དམིགས་ནས་ལས་འགན་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བྱས། བྱ་བ་འདི་དག་སྒྲུབ་པར་རྩེ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་ཕན་ཚུན་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་དགོས་ཤིང་། རྒྱུན་ཆད་མེད་པར་སྟོབས་ཤུགས་བཀོལ་བ་དང་བྱས་རྗེས་ཡུན་རིང་དུ་འཇོག་དགོས། ཡུན་རིང་དུ་བྱས་རྗེས་འཇོག་ན་ངེས་པར་དུ་ཉི་མ་རེ་རེར་བརྩོན་པ་བསྐྱེད་ན་ད་གཟོད་དོན་ཆེན་འགྲུབ་ཡོང་། མི་རིགས་ཆོས་ལུགས་ཀྱི་བྱ་བ་དེ་བོད་འབྲེལ་བྱ་བའི་ཁྲོད་ཀྱི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་གོ་གནས་ཁྲོད་འབུར་དུ་དོད་ནས། ཡུན་རིང་གི་སྲིད་ཇུས་མང་པོ་བཀོད་པ་དང་རྩ་བ་བརྟན་པོའི་བྱེད་ཐབས་མང་པོ་སྤྱོད་པ། ཡུན་རིང་བདེ་འགོད་དང་འབྲེལ་བའི་གཏིང་རིམ་གྱི་འགལ་བ་དང་གནད་དོན་ཐག་གིས་བཅད་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཆགས་སུ་འཇུག་པ་དང་། བོད་བརྒྱུད་ནང་བསྟན་ལ་སྣེ་ཁྲིད་བྱེད་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཕྲོད་མཐུན་ཡོང་བའི་སྟེང་དུ་བྱས་རྗེས་དངོས་འཇོག་པ་དང་། ཕན་འབྲས་དངོས་ལོན་པའི་ཐད་སྔར་ལས་མང་བའི་ཉམས་མྱོང་འཚོལ་ཞིབ་དང་གསོག་འཇོག་བྱེད་དགོས། བཀོལ་ནས་ཕན་པའི་སྤྱི་ཚོགས་བཅོས་སྐྱོང་གི་བྱེད་ཐབས་ནན་ཏན་གྱིས་སྤྱི་སྡོམ་བྱེད་པ་དང་། རང་ཡུལ་གྱི་དོན་དངོས་དང་མཐུན་པའི་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་ཁ་ཚང་ཞིག་ཆགས་སུ་བཅུག་སྟེ། འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་ཆགས་སྟངས་སྲུང་སྐྱོང་བཟང་པོ་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་བྱེད་པ་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་དུ་བསྐྱོད་དགོས། སྐྱེ་ཁམས་རྒྱུ་སྤུས་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། སྒྲིག་བཀོད་ཞིང་ལས་དང་ལུང་གཞུང་དཔལ་འབྱོར་དང་ཡུལ་སྐོར་ཐོན་ལས་བརྟན་བརླིང་ངང་འཕེལ་རྒྱས་གཏོང་བ་དང་། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་མང་ཚོགས་སྔར་བས་མང་པོ་ཞིག་རིམ་པ་བཞིན་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དུ་འཇུག་དགོས།
མཚོ་སྔོན་དུ་བརྟག་ཞིབ་མཛད་པའི་སྐབས་སུ། ཝང་དབྱང་གིས་མགོ་ལོག་ཁུལ་གྱི་སྲིད་གྲོས་ལས་ཁུངས་སུ་འཚམས་འདྲི་མཛད་པ་དང་། སྲིད་གྲོས་དང་འཐབ་ཕྱོགས་གཅིག་གྱུར། ཆོས་ལུགས་བྱ་བའི་ལས་བྱེད་པ་དང་ལས་བཟོ་པ་བཅས་ལ་འཚམས་འདྲི་མཛད་དེ། “བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ”ཡི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་མཉམ་དུ་སྐུལ་འདེད་བྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན། །