རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་གཟེངས་རྟགས་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།
རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་གཟེངས་རྟགས་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་པར་གསལ་བའི་ཁྱད་སྟོབས་ལེགས་པར་མཚོན་པ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྟོབས་ཤུགས་རླབས་ཆེན་ལེགས་པར་མཚོན་ལ། ཀྲུང་ཧྭའི་ཤེས་རིག་གི་ནང་སྙིང་ཟབ་མོ་ལེགས་པར་མཚོན་ཞིང་། ཀྲུང་གོའི་འགན་ཁུར་དང་དུ་ལེན་པའི་རྒྱལ་ཁབ་ཆེན་པོའི་རང་རྟོགས་ཁག་ཁུར་ལེགས་པར་མཚོན་ཡོད། དེས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་ཀྱི་སེམས་དང་སྤོབས་པའི་གདེང་། གོང་བུར་འགྲིལ་ཤུགས། ལྟེ་བར་ཕྱོགས་ཤུགས་བཅས་ཆེས་ཆེར་ཇེ་དྲག་ཏུ་བཏང་བས། ང་ཚོས་དུས་རབས་གསར་པའི་བགྲོད་ལམ་གསར་པའི་སྟེང་འགལ་རྐྱེན་ཡོངས་སུ་སེལ་ཞིང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་ངེས་ཡིན་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་དེ་ནི་ཀྲུང་ཧྭ་མི་རིགས་ལ་ཡུན་རིང་བོར་གོམས་པའི་དམིགས་བསལ་སྐྱེ་སྟོབས་དང་རིག་གནས་གཞི་རྒྱུད་དང་གཅིག་རྒྱུད་གཅིག་འཛིན་གྱི་ཚུལ་དུ་ཡོད་པ་དང་། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་སྙིང་སྟོབས་ཀྱི་འཛིན་སྤེལ་ཡིན་ལ། ཀྲུང་གོའི་སྙིང་སྟོབས་ཀྱི་གསོན་ཉམས་ལྡན་པའི་འགྲེལ་བཤད་ཡིན་ཞིང་། དེས་མི་རིགས་སྙིང་སྟོབས་དང་དུས་རབས་སྙིང་སྟོབས་ཀྱི་ནང་བཅུད་ཕུན་སུམ་ཚོགས་པར་བཏང་ཡོད་པས། ང་ཚོས་སྤྱི་ཚོགས་ཡོངས་སུ་རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ནས། དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས་ཟེར།
རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་ཚེས་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས།
ལིས་ཁི་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད་པ་དང་། ལིས་ཀྲན་ཧྲུའུ་ཡིས་ཀྲུའུ་ཞིའི་བཀའ་ཁྱབ་སྒྲོག་འདོན་མཛད་ལ། ཝང་ཧུའུ་ཉིང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་འདོན་མཛད། ཝང་དབྱང་དང་ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས།
དུས་ཚོད་བརྒྱད་དང་སྐར་མ་སོ་ལྔའི་སྟེང་། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་མགྲོན་བཀུར་རླངས་འཁོར་དུ་བསྡད་དེ་གསོལ་མགྲོན་ཁང་ནས་ལམ་ལ་ཆས་པ་དང་། རྒྱལ་མགྲོན་སྐུ་སྲུང་རུ་ཁག་གི་སྲུང་སྐྱོབ་འོག་མི་དམངས་ཚོགས་ཁང་ཆེན་མོར་བསྐྱོད། མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོའི་ཕྱི་རོལ་དུ། དར་དམར་མཐོན་པོར་སྒྲེང་བའི་གུས་དམག་ལམ་གྱི་འགྲམ་གཉིས་སུ་བསྒྲིགས་པ་དང་། ཕྲག་ཏུ་མེ་མདའ་འཁུར་བའི་གུས་དམག་རྡོ་སྐས་སྟེང་དུ་ཀྲོང་ངེར་འགྲེང་ཡོད་ལ། ན་གཞོན་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་འབོད་བྱས་ཏེ་གུས་འདུད་ཞུས། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ས་གདན་དམར་པོའི་སྟེང་ནས་རྡོ་སྐས་བརྒྱུད་དེ་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོང་། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟི་བརྗིད་གཟེངས་བསྟོད་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བློ་མཐུན་རྣམས་ཀྱིས་ཁོ་ཚོ་ཐོན་པར་བསུ་མ་བྱས།
མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་རྔམ་བརྗིད་དང་སྤྲོ་སྣང་གི་རྣམ་པས་ཁེངས་ཡོད། ཀྲུའུ་ཞི་སྟེགས་བུའི་ཀླད་དུ“རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན”ཞེས་པའི་ཚོགས་འདུའི་མིང་བཀལ་ཡོད་པ་དང་། རྒྱལ་རས་ཀྱི་དཀྱིལ་དུ་བཀྲག་མདངས་འཚེར་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་བཀལ་ཡོད་ལ། ལོགས་གཉིས་སུ་དར་དམར་བཅུ་བསྒྲིགས་ཡོད། ཉིས་ཐོག་གི་གཟིགས་སྟེགས་སུ“བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་དར་སྤེལ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི་མཇུག་མཐའི་རྒྱལ་ཁ་བླངས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས”ཞེས་པའི་སྦྱར་ཡིག་བཀལ་ཡོད།
དུས་ཚོད་བཅུའི་སྟེང་ཚོགས་ཆེན་ཚོགས་འགོ་བརྩམས། བཅིངས་འགྲོལ་དམག་གི་རོལ་ཆའི་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་། ཚང་མ་ཡར་ལངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།
རྒྱལ་གླུ་བླངས་རྗེས་ཚང་མ་ཁུ་སིམ་མེར་ལངས་ནས། པྲོག་གསར་གློ་ཚད་རིམས་ནད་ལས་གཤེགས་པའི་དཔའ་བོ་དང་སྤུན་ཟླ་རྣམས་ལ་མྱ་ངན་ཞུས།
ལིས་ཀྲན་ཧྲུའུ་ཡིས་ཞི་ཅིན་ཕིང་གིས་མཚན་བཀོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་ཁྱབ་སྒྲོག་འདོན་བྱས། ཀྲུའུ་ཞིའི་བཀའ་ཁྱབ་ནང་དུ། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ཁྲོད་དུ་བྱས་རྗེས་ཁྱད་འཕགས་བཞག་པའི་དཔེ་སྟོན་མི་སྣར་གཟབ་རྒྱས་ཆེན་པོས་གཟེངས་བསྟོད་བྱས་ཏེ། ཁོ་ཚོའི་བློ་དཀར་དང་ཁག་ཁུར། བྱས་རྗེས་འབུལ་བ་བཅས་ཀྱི་བླ་མེད་གཤིས་རྒྱུད་དར་སྤེལ་བྱེད་ཆེད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་གཏན་འབེབས་གཞིར་བཟུང་སྟེ། ཀྲུང་ནན་ཧྲན་ལ“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”གནང་རྒྱུ་དང་། ཀྲང་པོ་ལིས་དང་ཀྲང་ཏེན་ཡུས། ཁྲིན་ཝེ་བཅས་ལ“མི་དམངས་དཔའ་བོའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་རྒྱུ་ཡིན་ཞེས་བསྟན་ཡོད།
གུས་དམག་བཞི་ཡིས་ལག་ཏུ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་རྟགས་མ་བཟུང་སྟེ། རྔམ་ཟིལ་གྱི་གོམ་སྟབས་སྤོས་ཏེ་ཚོགས་རར་ཐོན།
རྔམ་བརྗིད་ལྡན་པའི《མེས་རྒྱལ་གྱི་དཔའ་བོར་གུས་འདུད་ཞུ》ཞེས་པའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རེ་རེར་བྱས་རྗེས་གཟེངས་རྟགས་གནང་བར་མ་ཟད། ཁོ་ཚོར་བརྩེ་བའི་ཕྱག་འཇུ་གནང་བ་དང་རྟེན་འབྲེལ་ཞུས། དེའི་རྗེས་སུ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་བཞི་པོ་གདན་དྲངས་པ་ལྟར་ཀྲུའུ་ཞིའི་སྟེང་བུའི་སྟེང་བསྡད་པ་ན། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།
ཞི་ཅིན་ཕིང་གིས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཀྲུང་ནན་ཧྲན་ལ་གཟེངས་རྟགས་གནང་།
ཞི་ཅིན་ཕིང་གིས་མི་དམངས་དཔའ་བོའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཀྲང་པོ་ལིས་ལ་གཟེངས་རྟགས་གནང་།
ཞི་ཅིན་ཕིང་གིས་མི་དམངས་དཔའ་བོའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཀྲང་ཏེན་ཡུས་ལ་གཟེངས་རྟགས་གནང་།
ཞི་ཅིན་ཕིང་གིས་མི་དམངས་དཔའ་བོའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཁྲིན་ཝེ་ལ་གཟེངས་རྟགས་གནང་།
ཝང་ཧུའུ་ཉིང་གིས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་སྔོན་ཐོན་མི་སྣ་དང་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་འབེབས》དང་། 《ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་གཏན་འབེབས》སྒྲོག་འདོན་མཛད།
ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་མི་སྣ་དང་ཐུན་མོང་གི་འཐུབ་ཚབ་པར་བྱ་དགའ་གནང་།
འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་སྔོན་ཐོན་མི་སྣར་བྱ་དགའ་གནང་བའི་ཚུལ་རེད།
འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་སྔོན་ཐོན་ཐུན་མོང་གི་འཐུས་མི་ལ་བྱ་དགའ་གནང་བའི་ཚུལ་རེད།
ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས་པའི་ཁྲོད་དུ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། འདས་པའི་ཟླ་བརྒྱད་ལྷག་གི་རིང་། ང་ཚོའི་ཏང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ། རིམས་འགོག་གི་གཡུལ་ཆེན་པོ་ཧ་ལས་པ་ཞིག་བཤམས་པ་དང་། དཀའ་སྤྱད་ཚད་མེད་ཀྱི་ལོ་རྒྱུས་ཀྱི་ཚོད་བགམ་ཆེན་པོ་ཞིག་མྱངས་ཤིང་། འབད་བརྩོན་ཧ་ཅང་ཆེན་པོ་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་བླངས་ནས། མིའི་རིགས་ཀྱིས་ནད་ཡམས་ལ་འཐབ་རྩོད་བྱེད་པའི་ལོ་རྒྱུས་སྟེང་དུ་ཡང་བསྐྱར་དཔའ་ངར་ཆེ་བའི་མཛད་རྗེས་ཤིག་བསྐྲུན་པ་རེད་ཟེར།
ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་མཛད་དེ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྣ་དང་སྔོན་ཐོན་ཐུན་མོང་། ཐེངས་འདིའི་རིམས་འགོག་འཐབ་རྩོད་ཐད་བྱས་རྗེས་ཆེན་པོ་བཞག་པའི་རྒྱ་ཆེའི་སྨན་བཅོས་ལས་དོན་པ་དང་། རིམས་འགོག་ལས་དོན་པ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག ཚན་རྩལ་ལས་དོན་པ། སྡོད་ཁུལ་ལས་དོན་པ། སྤྱི་བདེ་ཉེན་རྟོག་པ། འཕྲལ་བསྟུན་རོགས་སྐྱོབ་མི་སྣ། གསར་འགྱུར་ལས་དོན་པ། ཁེ་ལས་དང་ལས་དོན་ལས་ཁུངས་ཀྱི་ལས་བཟོ་པ། བཟོ་སྐྲུན་འཛུགས་སྐྲུན་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་ཤིང་། རིམས་འགོག་འཐབ་རྩོད་ཁྲོད་ཧུར་ཐག་གིས་ཞུགས་པའི་དམངས་གཙོའི་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་སྤྱི་ཚོགས་ལས་རིགས་སོ་སོ། གཅིག་རྗེས་གཉིས་མཐུད་དུ་རོགས་རམ་བྱས་པའི་ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་ཀྲུང་གོ་བ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས།
འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་བྱ་དགའ་གནང་བའི་ཚུལ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་སྐབས། རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་དང་སྲིད་གཞུང་། སྲིད་ཏང་། སྤྱི་ཚོགས་ཚོགས་པ་དང་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་རྩ་འཛུགས་དང་འབྲེལ་ཡོད་ས་ཁུལ་གྱི་རྩ་འཛུགས། རྒྱལ་སྤྱིའི་ལས་ཁུངས། ཕྱིའི་དངུལ་གཏོང་ཁེ་ལས་དང་རྒྱལ་སྤྱིའི་མཛའ་མཐུན་མི་སྣ་བཅས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཀྲུང་གོའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་དང་རྒྱབ་སྐྱོར་ཆེན་པོ་བྱས་པས། ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ཏེ། ཁོ་ཚོར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་ཡིན་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་དུ་འཛམ་གླིང་སྟེང་རྒྱ་ཡན་དུ་མཆེད་བཞིན་ཡོད་ལ། ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་སྡུག་ལ་སྦྱར་བ་དེ་གསལ་པོར་ཤེས་ཡོད་པ་དང་། ནད་གདོན་གྱིས་ཚེ་སྲོག་འཕྲོག་པའི་མི་རྣམས་ལ་ཕངས་སེམས་ཟབ་མོ་བཅངས་ཡོད་པར་མ་ཟད། དུས་ཚོད་དམ་འཛིན་གྱིས་རིམས་ནད་འགོག་རྒོལ་དང་ཚེ་སྲོག་མྱུར་སྐྱོབ་བྱེད་བཞིན་པའི་མི་རྣམས་ལ་གུས་འདུད་ཟབ་མོ་ཞུས་པ་དང་། སྟབས་མ་ལེགས་པར་ནད་དུག་འགོས་པ་དང་སྨན་བཅོས་དང་ལེན་བྱེད་བཞིན་པའི་མི་རྣམས་ལ་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུས་པ་ཡིན་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། དུས་འདིར་ང་ཚོས་ཆེད་དུ་རིམས་ནད་འགོག་རྒོལ་གྱི་ཆེད་དུ་དཔའ་ངར་ཞུམ་མེད་ཀྱིས་རང་སྲོག་བློས་བཏང་བའི་དཔའ་བོ་རྣམས་དང་། རིམས་ནད་ཕོག་ནས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་དྲན་གདུང་ཟབ་མོ་བཅངས་དགོས་པ་དང་མྱ་ངན་ཆེན་པོ་ཞུ་དགོས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ནི་འཛམ་གླིང་སྟེང་ལོ་བརྒྱ་ལྷག་གི་ནང་བྱུང་བའི་ཆེས་ཚབས་ཆེ་བའི་འགོས་ནད་ཆེན་པོ་ཞིག་ཡིན་ལ། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ་རང་རྒྱལ་འཕྲད་པའི་མཆེད་ཚད་ཆེས་མྱུར་བ་དང་འགོས་རྒྱ་ཆེས་ཆེ་བ། འགོག་སྡོམ་བྱེད་ཆེས་དཀའ་བ་བཅས་ཀྱི་ཐོལ་བྱུང་སྤྱི་ཐུན་འཕྲོད་བསྟེན་གྱི་དོན་རྐྱེན་ཚབས་ཆེན་ཞིག་རེད། ནད་དུག་གློ་བུར་དུ་བྱུང་བ་དང་རིམས་ནད་མགྱོགས་མྱུར་ངང་མཆེད་པ་ལས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འཇིགས་སྣང་ཚབས་ཆེན་བཟོས། ང་ཚོས་མི་དམངས་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་ཀྱིས་ཞུམ་པ་མེད་པའི་སྤོབས་པ་དང་ཉམས་པ་མེད་པའི་ཆོད་སེམས་བཅངས་ལ། དུས་ཀྱི་འགྲོས་དང་འགྲན་ནས་ནད་གདོན་དང་འཐབ་སྟེ། རིམས་ནད་འགོག་སྡོམ་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱིའི་འཐབ་མོ། འགོག་རྒོལ་འཐབ་མོ་བཅས་མྱུར་དུ་བཤམས་ཏེ། ཟླ་གཅིག་ཡས་མས་ཀྱི་དུས་ཚོད་ནང་རིམས་ནད་མཆེད་པར་བཀག་འགོག་བྱས་པ་དང་། ཟླ་གཉིས་ཡས་མས་ཀྱི་དུས་ཚོད་ནང་རང་ས་ཁུལ་གྱི་ཉིན་རེའི་གསར་འཕར་ནད་པའི་གྲངས་ཀ་བཅུའི་མན་དུ་ཚོད་འཛིན་བྱས་ལ། ཟླ་གསུམ་ཡས་མས་ཀྱི་དུས་ཚོད་ནང་ཝུའུ་ཧན་སྲུང་སྐྱོབ་འཐབ་མོ་དང་ཧུའུ་པེ་སྲུང་སྐྱོབ་འཐབ་མོར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་པའི་ཁར། ས་ཁུལ་ལ་ལ་ནས་འདུ་འཛོམས་རང་བཞིན་གྱི་རིམས་ནད་ཚར་གཅོད་འཐབ་མོ་ཐེངས་འགར་བཤམས་ནས། རྒྱལ་ཡོངས་ཀྱི་རིམས་འགོག་འཐབ་རྩོད་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་བླངས། དེའི་རྨང་གཞིའི་སྟེང་ང་ཚོས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་གཅིག་འདོམས་ཀྱིས་སྐུལ་སྤེལ་བྱས་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱས་པར་ཕན་འབྲས་མངོན་གསལ་ཐོབ། ཀྲུང་གོའི་རིམས་འགོག་འཐབ་རྩོད་ཀྱིས་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས། ཀྲུང་གོའི་ཁག་ཁུར་བཅས་ལེགས་པར་མཚོན་ཡོད་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམས་ནད་ཚབས་ཆེན་གློ་བུར་དུ་བྱུང་བ་ན། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་གཅིག་འདོམས་བྱས་པ་དང་ཇུས་ཐག་ཆོད་པོས་སྤྱིར་བཏང་མིན་པའི་བྱེད་ཐབས་ཀྱིས་སྤྱིར་བཏང་མིན་པའི་དོན་དག་ལ་ཁ་གཏད་འཇལ། ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་དེ་མ་ཉིད་དུ་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལག་བསྟར་བྱས་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་ཐེངས་ཉེར་གཅིག་ལ་བསྡུས་ཏེ་ཞིབ་འཇུག་བྱས་པ་དང་ཇུས་ཐག་བཅད་ལ། ཏང་སྲིད་དམག་དམངས་སློབ་མ་དང་ཤར་ལྷོ་ནུབ་བྱང་དབུས་རྒྱུད་ཀྱི་མཉམ་འཐབ་ཆེན་མོར་འགོ་ཁྲིད་རྩ་འཛུགས་བྱས་ཏེ། ཡིད་ཆེས་ཆེར་བསྐྱེད་དང་དཀའ་སྡུག་མཉམ་མྱོང་། ཚན་རིག་འགོག་བཅོས། གནད་ཕིགས་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་བཏོན་པ་དང་། རིམས་ནད་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་རིམས་ནད་འགོག་སྡོམ་གྱི་འགོག་རྒོལ་འཐབ་མོ་ལས་མཐའ་གཅིག་ཏུ་རྒྱལ་བར་བྱེད་པའི་སྤྱིའི་དམིགས་འབེན་གཏན་ཁེལ་གསལ་པོ་བྱས་ཤིང་། ཝུའུ་ཧན་སྲུང་སྐྱོབ་འཐབ་མོ་དང་ཧུའུ་པེ་སྲུང་སྐྱོབ་འཐབ་མོར་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། དུས་བསྟུན་བབ་བསྟུན་གྱིས་འཐབ་ཇུས་བྱེད་ཐབས་གཏན་འབེབས་བྱས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ། ཕྱོགས་སོ་སོ་བཅས་ཀྱིས་བཀའ་གསུང་ཇི་བཞིན་དུ་ལག་བསྟར་བྱས་ལ། རྒྱལ་ཡོངས་ཀྱི་ཞིང་སྡེ་དང་སྡོད་ཁུལ། ཁེ་ལས། སྨན་བཅོས་འཕྲོད་བསྟེན་ལས་ཁུངས། ཚན་རིག་ཞིབ་འཇུག་ལས་ཁུངས། སློབ་གྲྭ། དམངས་སྒར་བཅས་ཀྱིས་རང་འགན་རང་ཁུར་བྱས། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་སུ་གཅིག་གྱུར་བཀོད་འདོམས་དང་ཕྱོགས་ཡོངས་བཀོད་སྒྲིག ཡོངས་ཁྱབ་འགོག་སྡོམ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་མྱུར་དུ་གྲུབ་པར་བྱས་ཏེ། རིམས་ནད་རྒྱ་ཆེར་མཆེད་པར་ནུས་ལྡན་སྒོས་བཀག་འགོག་བྱས་པ་དང་། ནད་དུག་འགོས་ཁྱབ་ཀྱི་ཉེན་ཁའི་གནས་བབ་ཤུགས་ཡོད་སྒོས་བསྒྱུར་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུང་ཕུང་བདེ་ཐང་ལ་ཚད་ཆེས་མཐོན་པོས་སྲུང་སྐྱོབ་བྱས་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་ཚབས་ཆེན་གློ་བུར་དུ་བྱུང་བ་ན། ཀྲུང་གོའི་མི་དམངས་ཀྱིས་དཀའ་སྡུག་མཉམ་མྱོང་དང་སེམས་ཤུགས་གཅིག་མཐུན་གྱིས་རིམས་ནད་འགོག་སྡོམ་གྱི་འགོག་ར་བརྟན་པོ་བཙུགས་པ་དང་། ང་ཚོས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་བཀོལ་ནས་སྔར་མེད་གཞི་ཁྱོན་གྱི་ཚེ་སྲོག་སྲུང་སྐྱོབ་ཆེན་མོ་ལག་བསྟར་བྱས་ལ། ཝུའུ་ཧན་མི་དམངས་དང་ཧུའུ་པེ་མི་དམངས་ཀྱིས་ཆེ་སར་བལྟས་ཤིང་ཁྱོན་ཡོངས་བསམ་ནས་རིམས་ནད་མཆེད་པ་བཀག་པ་དང་རྒྱལ་ཡོངས་ཀྱི་རིམས་འགོག་ལ་འཐབ་ཇུས་རང་འགུལ་བརྩོན་ལེན་བྱས་ཏེ། བློས་གཏོང་ཆེན་པོ་བྱས་པ་དང་བྱས་རྗེས་གལ་ཆེན་བཞག་ཡོད། རིམས་ནད་ཚབས་ཆེན་གློ་བུར་དུ་བྱུང་བ་ན། རྒྱ་ཆེའི་སྨན་བཅོས་མི་སྣས་ལྭ་དཀར་གྱི་གོ་ཁྲབ་གྱོན་ཞིང་ལྡོག་སྐྱོད་ཀྱིས་གཡུལ་ལ་ཆས་ནས། རང་སྲོག་ལ་མ་འཛེམས་པར་གཞན་གྱི་སྲོག་བསྐྱབས་པས། ཁོང་ཚོ་ནི་ཆེས་མཛེས་པའི་ལྷའི་ཕོ་ཉ་དང་དུས་རབས་གསར་པའི་ཆེས་ཡིད་དུ་འོང་བའི་མི་རེད། རིམས་ནད་ཚབས་ཆེན་གློ་བུར་དུ་བྱུང་བ་ན། ང་ཚོས་གཅིག་འདོམས་ཡོངས་ལྟ་དང་མཐུན་སྦྱོར་སྐུལ་སྤེལ་གྱིས་དཔལ་འབྱོར་འཕེལ་ཚུལ་གཏན་འཇགས་ཀྱིས་བཟང་སྒྱུར་བྱས་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་བརྟན་བརླིང་གིས་སླར་གསོ་བྱས། རིམས་ནད་ཚབས་ཆེན་གློ་བུར་དུ་བྱུང་བ་ན། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོར་མཉམ་ལས་དམ་པོ་དང་དཀའ་སྡུག་མཉམ་སེལ་བྱས་ཏེ། འཛམ་གླིང་ཡོངས་ཀྱི་རིམས་འགོག་ཐད་བློ་གྲོས་དང་སྟོབས་ཤུགས་ཕུལ་ནས། སྦྱོར་བ་དངོས་ལས་འཛམ་གླིང་ཡོངས་ཀྱི་མི་ཁྲི་སྟོང་མང་པོའི་སྲོག་སྐྱོབ་རོགས་བྱས་པ་དང་། སྦྱོར་བ་དངོས་ལས་ཀྲུང་གོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་འདུན་པ་ཟོལ་མེད་མངོན་མཚོན་བྱས་ཡོད་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ན་གཞོན་ནི་རྒྱལ་ཁབ་དང་མི་རིགས་ཀྱི་རེ་བ་ཡིན། ཐེངས་འདིའི་རིམས་འགོག་འཐབ་རྩོད་ཁྲོད་དུ། གཞོན་རབས་པའི་ཁྱད་དུ་འཕགས་པའི་རྣམ་འགྱུར་ནི་དགའ་འོས་པ་དང་སེམས་འགུལ་ཐེབས་པ་ཞིག་རེད། འཛམ་གླིང་སྟེང་གདོང་མཆོང་གི་མི་ཕལ་བ་མ་གཏོགས་གནམ་ནས་བབས་པའི་དཔའ་བོ་ཡོད་མི་སྲིད། གཞོན་རབས་པ་རྣམས་ཀྱིས་དཀའ་ངལ་ལ་མ་སྐྲག་པར་བློས་གཏོང་ཕངས་མེད་དུ་བྱས་ཏེ་རི་ལས་ལྕི་བའི་འགན་འཁྲི་ཕྲག་ཏུ་བླངས་པ་དེས་ལང་ཚོས་ཕྱུག་པའི་ངར་ཉམས་མཚོན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རེ་བ་མཚོན་ཡོད་པས། ང་ཚོས་མཉམ་དུ་ཁོ་ཚོར་མོས་བསྟོད་བྱེད་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམས་ནད་ཚབས་ཆེན་ལ་སྲོག་བསྡོས་ཀྱིས་འཐབ་པའི་སྐབས་སུ། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་འཐབ་ཕོད་པ་དང་རྒྱལ་ཕོད་པའི་ཞུམ་མེད་སྤོབས་པས་ཚེ་སྲོག་བླ་མེད་དང་རྒྱལ་ཡོངས་སེམས་མཐུན། རང་འདོར་གཞན་སྐྱོབ། ཚན་རིག་བརྩི་བཀུར། ལས་སྐལ་གཅིག་མཐུན་བཅས་ཀྱི་རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་གྲུབ་ཡོད། ཚེ་སྲོག་བླ་མེད་ཀྱིས་ཀྲུང་གོའི་མི་དམངས་ཀྱི་བྱམས་བརྩེ་ཟབ་མོའི་གོམས་སྲོལ་དང་ཀྲུང་གོ་གུང་ཁྲན་ཏང་མིའི་མི་དམངས་ལྟེ་བར་འཛིན་པའི་རིན་ཐང་འཚོལ་སྙེག་གཅིག་བསྡུས་ཀྱིས་མཚོན་ཡོད། རྒྱལ་ཡོངས་སེམས་མཐུན་གྱིས་ཀྲུང་གོའི་མི་དམངས་ཀྱི་སེམས་ཤུགས་གཅིག་མཐུན་དང་སྐྱིད་སྡུག་མཉམ་མྱོང་གི་མཐུན་སྒྲིལ་ཤུགས་ཆེན་གཅིག་བསྡུས་ཀྱིས་མཚོན་ཡོད། རང་འདོར་གཞན་སྐྱོབ་ཀྱིས་ཀྲུང་གོའི་མི་དམངས་ཀྱིས་དཀའ་ངལ་ཡོད་ཚད་སེལ་ཕོད་པ་དང་དཀའ་ངལ་གང་གིས་ཀྱང་མགོ་གནོན་མི་ཐུབ་པའི་སེམས་ཤུགས་བརྟན་པོ་གཅིག་བསྡུས་ཀྱིས་མཚོན་ཡོད། ཚན་རིག་བརྩི་བཀུར་གྱིས་ཀྲུང་གོའི་མི་དམངས་ཀྱི་བདེན་འཚོལ་དངོས་སྒྲུབ་དང་གསར་སྤེལ་གསར་གཏོད་ཀྱི་ལག་ལེན་གཤིས་ཀ་གཅིག་བསྡུས་ཀྱིས་མཚོན་ཡོད། ལས་སྐལ་གཅིག་མཐུན་གྱིས་ཀྲུང་གོའི་མི་དམངས་ཀྱི་ཕྱར་བ་གྲུ་འདེགས་དང་ཞི་བདེ་གཅེས་འཛིན་གྱི་དྲང་བདེན་ཁག་ཁུར་གཅིག་བསྡུས་ཀྱིས་མཚོན་ཡོད་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། ཛ་དྲག་ཆེ་བའི་རིམས་འགོག་འཐབ་རྩོད་འདིའི་ཁྲོད་དུ། ང་ཚོས་ཉམས་མྱོང་གལ་ཆེན་བསགས་པ་དང་བློ་བསྐྱེད་ཟབ་མོ་ཐོབ་ཡོད། རིམས་འགོག་འཐབ་རྩོད་ཀྱི་རླབས་ཆེན་ལག་ལེན་ལས། ཀྲུང་གོ་གུང་ཁྲན་ཏང་ལ་མངའ་བའི་འགོ་ཁྲིད་ནུས་ཤུགས་བརྟན་པོ་ནི་ཆག་སྒོ་འབྱུང་བའི་སྐབས་སུ་ཀྲུང་གོའི་མི་དམངས་ཀྱི་ཆེས་བློ་གཏད་ཆོག་པའི་རྟེན་ས་ཡིན་པ་དང་། ཀྲུང་གོའི་མི་དམངས་ལ་མངའ་བའི་ཉམས་མེད་ཀྱི་སེམས་ཤུགས་ནི་མདུན་སྐྱོད་ལམ་བུའི་སྟེང་གི་འགལ་རྐྱེན་བར་ཆད་ཐམས་ཅད་ལས་རྒྱལ་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་མངའ་བའི་མངོན་གསལ་གྱི་ཁྱད་སྟོབས་ནི་ཉེན་ཁ་འགྲན་རྩོད་འགོག་པ་དང་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་ཀྱི་རྩ་བའི་ཁག་ཐེག་ཡིན་པ། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ་བསགས་པའི་རྒྱལ་ཤུགས་བརྟན་པོ་ནི་འཇིགས་རུང་གི་ཉེན་ཁར་ཁ་གཏད་འཇལ་བའི་གདིང་ཤུགས་ཟབ་མོ་ཡིན་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་མངའ་བའི་བསམ་པའི་སྒུལ་ཤུགས་དྲག་པོ་ནི་མི་སེམས་གཅིག་སྒྲིལ་དང་དམངས་ཤུགས་གཅིག་སྡུད་ཀྱི་སྟོབས་ཤུགས་ཆེན་པོ་ཡིན་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་མངའ་བའི་འབོད་སྐུལ་གྱི་ནུས་ཤུགས་རྒྱ་ཆེན་ནི་མིའི་རིགས་ཀྱིས་ཐུན་མོང་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་སྔར་ལས་དར་རྒྱས་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་ཡང་དག་གི་བགྲོད་ལམ་ཡིན་པ་བཅས་ཡང་བསྐྱར་ར་སྤྲོད་བྱུང་ཡོད་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཛམ་གླིང་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་བབ་ཆེན་པོ་དེ་དེང་སྐབས་མྱུར་དུ་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་ལ། རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་ལས་འགན་ཧ་ཅང་ལྕི། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་སྣོལ་མཚམས་སུ་འགྲེང་དུས། ང་ཚོས་ངེས་པར་དུ་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་ཆེན་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་གསར་པའི་འདུ་ཤེས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། འཕེལ་རྒྱས་གསར་པའི་རྣམ་པ་ཧུར་ཐག་གིས་བསྐྲུན་པ། རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་ལ་གཅིག་འདོམས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་བཟང་པོར་སྒྲུབ་སྟེ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་སྐུལ་སྤེལ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་གྱི་རྣམ་པ་གསར་པ་རྒྱུན་མ་ཆད་པར་གསར་གཏོད་བྱེད་དགོས། ང་ཚོས་ལྷོད་གཡེང་མེད་པར་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་ལེགས་འཛིན་བྱས་ཏེ། རིམས་འགོག་འཐབ་རྩོད་ལས་རྣམ་པར་རྒྱལ་བར་ཧུར་ཐག་གིས་བརྩོན་ལེན་བྱེད་དགོས། ང་ཚོས“གཏན་འཇགས་དྲུག”གི་བྱ་བ་ཏན་ཏིག་གིས་བཟང་བོར་སྒྲུབ་པ་དང་། “འགན་སྲུང་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་མཐའི་འཐབ་མོ་ལས་རྒྱལ་བའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། ང་ཚོས་བཅོས་སྐྱོང་མ་ལག་གི་ཞན་ཆ་དང་གཉོམ་ས་མྱུར་དུ་གསབ་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ལམ་ལུགས་ཀྱིས་འགན་སྲུང་བརྟན་པོ་བྱེད་དགོས། ང་ཚོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་མཉམ་སྦྲེལ་གྱིས་ཉིན་རེ་བཞིན་ཚབས་ཇེ་ཆེར་འགྲོ་བའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས། ང་ཚོས་ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། མདུན་སྐྱོད་ལམ་བུའི་སྟེང་གི་ཉེན་ཁ་སྣ་ཚོགས་ལ་ནུས་ལྡན་གྱི་དོགས་ཟོན་དང་ཁྱད་སེལ་བྱེད་དགོས་ཤིང་། མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་བྱེད་པ་དང་། མཐུན་རྐྱེན་ཐམས་ཅད་བཀོལ་སྤྱོད་བྱས་ཏེ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་ཀྱི་རྒྱལ་ཁ་གསར་པ་རྒྱུན་མ་ཆད་པར་ལེན་དགོས་ཟེར།
ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། “བློ་ལྡན་སྐྱེ་བོས་འཇིག་རྟེན་ཆོས་ཉིད་དང་བསྟུན་ནས་འབད་པས་འབུངས”ཞེས་ཟེར་བ་བཞིན་དུ། མི་རིགས་ཤིག་རླབས་ཆེན་ཡིན་པའི་རྩ་བ་ནི་དཀའ་ངལ་དང་ཉེན་ཁ་གང་ལ་འཕྲད་ཀྱང་མི་འདོར་བ་དང་མི་བཤོལ་བ། མི་བསྐྱུར་བར་ཞུམ་པ་མེད་པའི་སྒོ་ནས་རང་གི་མདུན་ལམ་དང་ལས་དབང་གི་ཆེད་དུ་འབད་འཐབ་བྱེད་པ་དེར་རག་ལས། ལོ་ངོ་ལྔ་སྟོང་ལྷག་གི་ཤེས་རིག་གོང་འཕེལ་གྱི་ལོ་རྒྱུས་ཁྲོད་སྐྱིད་སྡུག་རེས་མོས་ཀྱིས་མྱངས་པའི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ནི་དུས་རབས་གསར་པའི་རླབས་ཆེན་བགྲོད་ལམ་སྟེང་མདུན་སྐྱོད་ལྷོད་མེད་བྱེད་ངེས་ལ། མི་སུ་དང་སྟོབས་ཤུགས་གང་གིས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་སྔར་ལས་མཛེས་པའི་འཚོ་བ་མངོན་འགྱུར་བྱེད་པའི་མདུན་སྐྱོད་ཀྱི་གོམ་སྟབས་དེ་འགོག་མི་ནུས་ཟེར།
ཚོགས་འདུའི་སྟེང་། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཀྲུང་ནན་ཧྲན་དང་། རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་སྔོན་ཐོན་མི་སྣ། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། པེ་ཅིང་མཐུན་འགྲིག་སྨན་ཁང་འགོས་ནད་ཁོང་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ལིའུ་ཀྲིན་དབྱིན། རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་སྔོན་ཐོན་ཐུན་མོང་དང་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མི། ཝུའུ་ཧན་གྲོང་ཁྱེར་ཆིན་ཧི་ཅུའུ་སྡོད་ཁུལ་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཀོས་ཞའོ་མཱེ་བཅས་ཀྱིས་གཏམ་བཤད།
ཚོགས་འདུའི་སྔོན་ལ། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་། རྒྱལ་ཡོངས་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་སྔོན་ཐོན་མི་སྣ་དང་སྔོན་ཐོན་ཐུན་མོང་གི་འཐུས་མི་སོགས་ལ་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་གྱི་པར་བླངས།
འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མིར་བྱ་དགའ་གནང་བའི་ཚུལ་རེད།
ཚོགས་འདུའི་སྔོན་ལ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་འགོ་ཁྲིད་པས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་། རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་སྔོན་ཐོན་མི་སྣ་དང་སྔོན་ཐོན་ཐུན་མོང་གི་འཐུས་མི་སོགས་ལ་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་གྱི་པར་བླངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་ཚོགས་ཆེན་ལ་ཞུགས།
ཞིང་ཆེན་དང་ལྗོངས། གྲོང་ཁྱེར་སོ་སོ་དང་། ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་ཁྱིམ་མིའི་འཐུས་མི་དང་དེ་དག་གི་ལས་ཁུངས་ཀྱི་འཐུས་མི། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཁྲོད་དུ་རང་སྲོག་བློས་བཏང་བའི་དཔའ་བོའི་ཁྱིམ་མིའི་འཐུས་མི། ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་སྤུན་ཟླ། ཕྱིར་སྡོད་རང་མི་དང་ཕྱིར་ལོག་སྤུན་ཟླ། ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མི། ཀྲུང་གོར་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པ། ཀྲུང་གོར་སྡོད་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་དང་རང་རྒྱལ་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་བྱས་རྗེས་བཞག་པའི་རྒྱལ་སྤྱིའི་གྲོགས་པོའི་འཐུས་མི་སོགས་མི་སྟོང་གསུམ་ཙམ་ཚོགས་ཆེན་ལ་ཞུགས།