མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱ་འགུལ་སྤེལ་མགོ་བརྩམས་པ།

ཡོས་བུ།  2020-09-08 16:27:05 

ཟླ9པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི། དྲུང་ཡིག་ཆེན་མོ་ཀྲང་ཧོང་ཡོན་བྱ་འགུལ་ལ་ཞུགས་པར་མ་ཟད་བྱ་འགུལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། 

འཛད་སྤྱོད་དབུལ་སྐྱོར་ནི་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དབུལ་ཐར་རྒྱུ་སྤུས་མཐོར་འདེགས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། རང་ཞིང་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་དབུལ་སྐྱོར་ཐོན་ལས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོར་འདེགས་བྱེད་པ། དབུལ་ཕོངས་ས་ཁུལ་གྱི་ངལ་རྩོལ་པའི་ལས་ཞུགས་གཏན་འཇགས་དང་ཡོང་འབབ་འཕར་བར་འགན་སྲུང་བྱེད་པར་སྐུལ་འདེད་གཏོང་བ། ཞིང་སྡེ་དང་འབྲོག་ཁུལ་གྱི་ཐོན་ལས་དར་རྒྱས་མངོན་འགྱུར་བྱེད་པ་དང་ཞང་དང་སྡེ་བའི་དར་རྒྱས་འཐབ་ཇུས་སྦྲེལ་མཐུད་ལག་བསྟར་བྱེད་པའི་གནད་འགག་ཀྱང་ཡིན། 

ད་ལོའི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱ་འགུལ་གྱི་བརྗོད་སྙིང་ནི་འཛད་སྤྱོད་དབུལ་སྐྱོར་བྱེད་པར་ངེད་ཚོ་མཉམ་དུ་སྐྱོད་ཅེས་པ་དེ་རེད། བྱ་འགུལ་དེའི་སྐབས་སུ། རང་ཞིང་གིས་གཙོ་བོ་དབུལ་སྐྱོར་ཆེད་སྒྲོམ་བརྒྱ་བཀོད་སྒྲིག་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་པ་དང་། པེ་ཅིང་དང་ཀོང་ཀྲིའུ། ནན་ཅིང་བཅས་སུ་མཚོ་སྔོན་དབུལ་སྐྱོར་ཆེད་ཁང་འཛུགས་པའི་བྱ་བ་ཡོངས་འགྲུབ་བྱེད་པ། ཆ་རྐྱེན་ཡོད་པའི་ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཀྱིས་དབུལ་སྐྱོར་ཆེད་ཁུལ་འཛུགས་སྐྲུན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་རེད། དེ་ལས་གཞན་ད་རུང་དབུལ་སྐྱོར་མཁྲེགས་གཏོར་བྱེད་པར་ང་ཚོ་མཉམ་དུ་སྐྱོད་ཅེས་པ་དང་། ཚང་མས་མཉམ་དུ་ཉོ་སྡུད་འཛད་སྤྱོད་བྱས་ནས་དབུལ་སྐྱོར་ལ་རམ་འདེགས་བྱེད་ཅེས་པ་སོགས་དབུལ་སྐྱོར་ཐོན་རྫས་འགྲེམ་ཚོང་བྱ་འགུལ་སྤེལ་རྒྱུ་ཡིན་པར་མ་ཟད། ལུས་རྩལ་པ་གྲགས་ཅན་དང་དྲ་རྒྱའི་ཐད་གཏོང་མཁན་གྲགས་ཅན་གདན་དྲངས་ནས། མཚོ་སྔོན་གྱི་ཐོན་རྫས་ཁྱིམ་དུ་ཁྱེར་བ་བརྗོད་སྙིང་ཡིན་པའི་ཆེད་དོན་ཕྱིར་འཚོང་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། སྤྱི་ཚོགས་ཧྲིལ་བོ་འཛད་སྤྱོད་རོགས་སྐྱོར་ལ་ཞུགས་པའི་སྣང་ཚུལ་བཟང་བོ་ཆགས་པར་བྱེད་དགོས་ཟེར། 

མགོ་རྩོམ་པའི་མཛད་སྒོ་མཇུག་སྒྲིལ་རྗེས། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་། དབུལ་སྐྱོར་ཁེ་ལས་ཀྱི་འཐུས་མི་སོགས་ཀྱིས་རྒྱལ་ཡོངས་འཛད་སྤྱོད་ཀྱིས་མཚོ་སྔོན་ལ་དབུལ་སྐྱོར་བྱེད་པའི་ཀུན་འདུས་རྟེན་གཞི་སྟེ་མཐོ་སྒང་ཁྱད་ལྡན་དབུལ་སྐྱོར་ཐོན་རྫས་ཀྱི་འགྲེམ་སྟོན་ལྟེ་གནས་དང་དངོས་ཟོང་ཐད་གཏོང་བྱ་འགུལ་ལ་ལྟ་སྐོར་བྱས། ཐེངས་འདིའི་བྱ་འགུལ་ལ་བསྡོམས་པས་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བ་དང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་སོ་སོའི་དབུལ་སྐྱོར་ཅུའུ་ཡི་འགན་ཁུར་བ། དབུལ་སྐྱོར་ཁེ་ལས་ཀྱི་འཐུས་མི་སོགས་མི་སུམ་བརྒྱ་དང་ལྔ་བཅུ་ལྷག་ཞུགས་ཡོད། 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།