《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་ལེའུ་གཉིས་པའི(དངོས་པའི་བདག་དབང)ཚན་པ་གསུམ་པའི་བཀོལ་ཁེ་རྫས་དབང་ལས“གནས་སྡོད་དབང་ཆའི”ལམ་ལུགས་ཐོག་མར་བཏོན་ཏེ། “གནས་སྡོད་དབང་ཆ་ཡོད་པའི་མི་ལ་གན་རྒྱའི་ཁ་ཆད་ལྟར། མི་གཞན་གྱི་སྡོད་ཁང་བདག་བཟུང་དང་བེད་སྤྱོད་ཀྱི་བཀོལ་ཁེ་རྫས་དབང་སྤྱད་དེ་འཚོ་བའི་སྡོད་གནས་ཀྱི་དགོས་མཁོ་སྐོང་བའི་ཁེ་དབང་ཡོད”ཅེས་གཏན་འབེབས་བྱས་ཡོད།
དེས་ན་ཁྲིམས་བཀོད་ཀྱི་གནས་སྡོད་དབང་ཆ་འདི་དང་ང་ཚོས་དུས་རྒྱུན་བཤད་པའི་གནས་སྡོད་དབང་ཆ་གཉིས་འདྲ་མཚུངས་ཡིན་ནམ། དེས་དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་ཐད་ལ་ནུས་པ་ཅི་ཞིག་གདོན་ཐུབ།
•ཁྱོ་ཤུག་གཉིས་ཀ་སྡོད་ཁང་གཅིག་ཏུ་བསྡད་ན། གནས་སྡོད་དབང་ཆའི་ལམ་ལུགས་སྤྱད་ཆོག་གམ།
•ལོ་མང་པོར་རྒན་རྒོན་གཉོར་སྐྱོང་བྱས་པའི་བུ་རྫི་ལ་རྒན་རྒོན་ཚེ་ལས་འདས་རྗེས་ཁང་པ་དེར་གནས་སྡོད་བྱེད་པའི་དབང་ཆ་ཡོད་དམ།
•དོན་ངོ་མར་གནས་ཚུལ་ཅི་འདྲའི་འོག་ཏུ་ད་གཟོད་ཁྲིམས་བཀོད་ཀྱི་གནས་སྡོད་དབང་ཆ་སྤྱད་ཆོག
“ཁང་བརྟེན་རྒན་གསོ”ལས་གནད་དོན་མང་པོ་བྱུང་བ།
དེང་གི་དུས་སུ་ལོ་ན་གཞོན་དུས་སུ་དངུལ་བུན་བླངས་ནས་སྡོད་ཁང་ཉོས་ཏེ། རྒས་དུས་སྡོད་ཁང་དེ་དངུལ་ཁང་དང་ཉེན་འགོག་ཀུང་སིར་གཏའ་མར་བཞག་ན། གོང་དུ་བཤད་པའི་སྡེ་ཁག་གིས་རྒན་གསོའི་གྲོན་དངུལ་སྟེར་དགོས། ཚེ་མཇུག་གི་ལྟོ་གོས་ལ་སེམས་ཁྲལ་མེད་པའི“ཁང་བརྟེན་རྒན་གསོའི”བྱེད་སྟངས་དེ་རིམ་བཞིན་མང་ཚོགས་ཀྱིས་དང་ལེན་བྱས་མོད། འོན་ཀྱང“ཁང་བརྟེན་རྒན་གསོ”བྱེད་པར་ཡང་གནད་དོན་མང་པོ་བྱུང་ཡོད།
སྡེ་ཁག་ལ་ལས་མིང་དེ་སྤྱད་ནས་རྒན་པའི་སྡོད་ཁང་གཡོ་ལེན་བྱེད་བཞིན་ཡོད་དེ། ཐ་ན་རྒན་རྒོན་གྱི་སྡོད་ཁང་ཡང་ཤེས་མེད་ཚོར་མེད་ངང་བཙོངས་པའི་གནས་ཚུལ་ཡང་དུས་རྒྱུན་མཐོང་རྒྱུ་ཡོད། གལ་ཏེ“ཁང་བརྟེན་རྒན་གསོའི”གྲོས་མཐུན་ཡི་གེར་མིང་ཡིག་བཀོད་པ་དང་མཉམ་དུ་གནས་སྡོད་དབང་ཆའི་གྲོས་ཡིག་ཅིག་ཀྱང་བྲིས་ན། རྒན་རྒོན་གྱི་གནས་སྡོད་དབང་ཆར་དེ་བས་ཀྱང་འགན་ལེན་བྱ་ཐུབ་ལ། དབང་ཆ་དེ་རྒན་རྒོན་ཚེ་མཇུག་ཏུ་སླེབས་ནའང་སུས་ཀྱང་འཕྲོག་ཐབས་མེད་པས།གནད་དོན་མང་པོ་ཞིག་ཐག་གཅོད་བྱ་ཐུབ་པར་གདོན་མི་ཟ།
དེ་སྔོན་ཀུང་ཏོང་ཞིང་ཆེན་ཧྲིན་ཀྲིན་གྲོང་ཁྱེར་དུ་དོན་དག་འདི་འདྲ་ཞིག་བྱུང་ཡོད་དེ། བུད་མེད་ཅིག་གིས་ལོ28རྗེས་སུ། གློ་བུར་དུ་རང་ཉིད་ལ་ཧྲིན་ཀྲིན་དུ་ཁང་པ་ཞིག་ཡོད་པ་ཡིད་ལ་དྲན་ཏེ་དེར་ལྟ་རུ་སོང་བ་ན། ཁང་པ་དེར་མོས་ངོ་མི་ཤེས་པའི་མི་ཞིག་བསྡད་ནས་ལོ་བཅུ་ལྷག་འགོར་ཡོད་པ་ཤེས། ངོ་མི་ཤེས་པའི་མི་དེ་སྡོད་ཁང་དེར་ཡུན་རིང་ལ་བསྡད་ནའང་གནས་སྡོད་ཀྱི་དབང་ཆ་ཐོབ་པའི་ངེས་པ་མེད་ལ། ཁང་བདག་གིས་ཀྱང་རང་འགུལ་གྱིས་གནས་སྡོད་དབང་ཆ་མ་བཙུགས་ཚེ་ཁང་པ་དེར་སྡོད་པའི་དབང་ཆ་ཚུགས་མེད་པ་ཡིན།
རྒན་པོ་ཞིག་དུས་རྒྱུན་རང་གི་བུ་མོས་གཉོར་བ་ཡིན་ཞིང་། རྒན་པོ་དེའི་སེམས་སུ་གལ་ཏེ་ཉིན་ཞིག་རང་ཉིད་འཇིག་རྟེན་འདི་དང་ཁ་བྲལ་ཚེ། གར་འགྲོ་འདིར་འགྲོ་མེད་པའི་བུ་མོ་མུ་མཐུད་དུ་དེར་སྡོད་དུ་འཇུག་དགོས་པར་བསམས། འོན་ཀྱང་ཆེས་མཐའ་མར་ཁང་པ་བུ་ལ་འཇོག་དགོས་བྱུང་སོང་། གཏན་འཁེལ་འདི་འདྲ་ཞིག་ཡོད་པ་ཐོས་རྗེས་རྒན་པོ་དེས་ངེད་ཚང་གི་རྙོག་འཛིང་ཆེ་བའི་དོན་དག་ཅིག་ཐག་གཅོད་བྱས་སོང་ཞེས་བསྔགས་བརྗོད་བྱེད་བཞིན་མཆིས། འདི་དང་འདི་ལྟ་བུའི་གནད་དོན་ཤིན་ཏུ་མང་བས། གལ་ཏེ་བུ་རྫི་དང་གཉེན་ཉེ་ཡིས་གནས་སྡོད་དབང་ཆ་བཙུགས་ཡོད་ན། རྒན་རྒོན་ཚེ་ལས་འདས་རྗེས་ཁང་པ་དེ་བུ་ཕྲུག་གིས་ཤུལ་འཛིན་བྱས་ཀྱང་བུ་རྫིའམ་སྤུན་མཆེད་ལ་སྔར་བཞིན་གནས་སྡོད་བྱེད་དབང་ཡོད། གལ་སྲིད་གནས་སྡོད་ཀྱི་དབང་ཆ་ནི་མི་ཚེ་གཅིག་ཡིན་ཚེ། བུ་རྫི་དང་གཉེན་ཉེ་སོགས་ཚེ་ལས་འདས་རག་བར་དུ་བསྡད་ཆོག བུ་ཕྲུག་ལ་བརྟན་དངོས་དཔང་ཡིག་ཐོབ་ནའང་དེ་ལས་ཕྱིར་ཕུད་པའི་དབང་ཆ་ཡང་མེད་ལ། ཁང་པ་གླས་ནའང་མི་ཆོག བུ་རྫི་དང་གཉེན་ཉེ་ཁང་པ་ལས་སྡོད་རྒྱུ་མ་གཏོགས། ཁང་པ་ཉོ་འཚོང་བྱེད་པའི་དབང་ཆ་མེད་ལ། བུ་ཕྲུག་ལའང་ཤུལ་འཛིན་བྱེད་པའི་དབང་ཆ་མེད།
གནས་སྡོད་བྱེད་པའི་དབང་ཆ་གཏན་འབེབས་བྱས་པ་དེ་དོན་བཟང་ཞིག་རེད།
མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོའམ་ཁྲིམས་རིག་པའི་འབུམ་རམས་པ་ཝང་ལིས་མེན་གྱིས་བཤད་རྒྱུར། དམངས་དོན་ཁྲིམས་གཞུང་གིས་གནས་སྡོད་དབང་ཆ་གཏན་ལ་ཕབ་པ་ནི་དོན་དག་བཟང་པོ་ཞིག་རེད། དམངས་དོན་ཁྲིམས་གཞུང་དུ་གནས་སྡོད་དབང་ཆ་བཀོད་པ་དེ། གཙོ་བོ་བུད་མེད་དང་ནར་མ་སོན་པའི་སྐྱེ་བོ། རྒན་རྒོན་གྱི་འཚོ་བའི་སྡོད་གནས་ཀྱི་དགོས་མཁོ་སྐོང་བའི་ཆེད་དུ་རེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན366པའི་གཏན་འབེབས་ལས་གནས་སྡོད་དབང་ཆ་ཡོད་པའི་མི་ལ་གན་རྒྱའི་ཁ་ཆད་ལྟར། མི་གཞན་གྱི་སྡོད་ཁང་བདག་བཟུང་དང་བེད་སྤྱོད་ཀྱི་བཀོལ་ཁེ་རྫས་དབང་སྤྱད་དེ་འཚོ་བའི་སྡོད་གནས་ཀྱི་དགོས་མཁོ་བསྐང་བའི་ཁེ་དབང་ཡོད་ཅེས་བསྟན་ཡོད་པ་ལྟར། གཏན་འབེབས་འདིས་སྡོད་སའི་ཁང་པ་ཡོད་པ་ཐག་གཅོད་བྱ་བར་དོན་སྙིང་གལ་ཆེན་ལྡན། དེ་ལས་གཞན། དམངས་དོན་ཁྲིམས་གཞུང་གི་དོན་ཚན367པའི་ནང་ད་དུང་གནས་སྡོད་བྱེད་དབང་འཛུགས་པའི་རྣམ་པ་གཏན་འབེབས་བྱས་ཡོད་དེ། གནས་སྡོད་དབང་ཆ་འཛུགས་ན་དོ་བདག་པས་ཡིག་ཐོག་ནས་གནས་སྡོད་དབང་ཆའི་གན་རྒྱ་འཇོག་དགོས། གནས་སྡོད་དབང་ཆའི་གན་རྒྱར་སྤྱིར་བཏང་དུ་གཤམ་གྱི་སྲོལ་ཡིག་འདི་དག་ཡོད་དེ། (གཅིག) དོ་བདག་པའི་རུས་མིང་ངམ་ཡང་ན་མིང་དང་སྡོད་གནས། (གཉིས) སྡོད་ཁང་གི་གནས་ཡུལ། (གསུམ)གནས་སྡོད་ཀྱི་ཆ་རྐྱེན་དང་རེ་བ། (བཞི) གནས་སྡོད་ཀྱི་དུས་ཡུན། (ལྔ) རྩོད་གླེང་ཐག་གཅོད་པའི་ཐབས་བཀོད་བཅས་སོ། །
ཝང་ལིས་མེན་གྱིས་གསར་འགོད་པར་བཤད་རྒྱུར། ད་ལོའི་ཟླ5པའི་ཚེས22ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་སྟེང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཙོའུ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང(མ་ཟིན)སྐོར་གྱི་གསལ་བཤད》ལས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྟེང་བཏོན་པའི་གྲུབ་ཆ་གཙོ་བོའི་མཁོ་སྤྲོད་དང་། ཐབས་ལམ་མང་པོའི་ཐོག་ནས་སྡོད་ཁང་འགན་ལེན་བྱེད་པའི་ལམ་ལུགས་གང་མགྱོགས་ཀྱིས་འཛུགས་པའི་བླང་བྱ་ལག་བསྟར་བྱ་ཆེད། གནས་སྡོད་དབང་ཆ་ཞེས་པའི་བཀོལ་ཁེ་རྫས་དབང་གསར་པ་འདི་ཁ་སྣོན་བྱས་ཤིང་། གནས་སྡོད་དབང་ཆའི་རྩ་དོན་སྟེང་རིན་མེད་དུ་འཛུགས་རྒྱུ་དང་། གནས་སྡོད་དབང་ཆ་ཡོད་མཁན་ལ་གན་རྒྱའི་ཁ་ཆད་ལྟར། ཐོ་འགོད་བྱས་པ་བརྒྱུད་མི་གཞན་གྱི་སྡོད་ཁང་བདག་བཟུང་དང་བཀོལ་སྤྱོད་བྱས་ན། དེའི་གཏན་འཇགས་ཀྱི་འཚོ་བའི་སྡོད་གནས་ཀྱི་དགོས་མཁོ་བསྐང་ཐུབ། དེ་བས། དམངས་དོན་ཁྲིམས་གཞུང་གི་ལེའུ་གཉིས་པའི﹙དངོས་པའི་བདག་དབང﹚ཚན་པ14པར་གནས་སྡོད་དབང་ཆ་གཏན་འབེབས་བྱས་པར། དོན་ཚན6ཡོད་དེ། དོན་ཚན366དང367 368 369 370 371བཅས་སོ། །
གནས་སྡོད་དབང་ཆ་ཡོད་མེད་ལ་ཞིབ་བཤེར་བྱ་དགོས་སམ།
ཝང་ལིས་མེན་གྱིས་བཤད་རྒྱུར། དམངས་དོན་ཁྲིམས་གཞུང་གི་དོན་ཚན368དང371ཀྱི་གཏན་འབེབས་ལ་གཞིགས་ན། གནས་སྡོད་དབང་ཆ་འཛུགས་པར་གན་རྒྱ་དང་ཁ་ཆེམས་འཇོག་པའི་བྱེད་ཐབས་གཉིས་ཡོད། དེས་ན་རྗེས་ཕྱོགས་སྡོད་ཁང་ཉོ་དུས་སྡོད་ཁང་ལ་གནས་སྡོད་དབང་ཆ་ཐོ་འགོད་བྱས་ཡོད་མེད་ལ་ཞིབ་བཤེར་བྱ་དགོས་སམ་ཞེས་ན་དེར་དྲིས་ལན་གསལ་པོར་ཡོད།
ཝང་ལིས་མེན་གྱིས་འགྲེལ་བཤད་བྱ་རྒྱུར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན368པའི་གཏན་འབེབས་ལས། “གནས་སྡོད་དབང་ཆ་རིན་མེད་ཀྱིས་འཛུགས་དགོས་ཤིང་། ཡིན་ན་ཡང་དོ་བདག་པར་ཁ་ཆད་འདི་ལས་ཁ་ཆད་གཞན་ཡོད་པ་ཕུད”ཅེས་བཀོད་ཡོད། གནས་སྡོད་དབང་ཆ་འཛུགས་པར་ཐོ་འགོད་སྡེ་ཁག་ལ་གནས་སྡོད་དབང་ཆ་ཐོ་འགོད་སྙན་སེང་ཞུ་དགོས་ལ། གནས་སྡོད་དབང་ཆ་ནི་ཐོ་འགོད་བྱེད་དུས་བཙུགས་པ་ཡིན་ཞེས་བསྟན་ཡོད། ཝང་ལིས་མེན་གྱིས་སྡོད་གནས་ཀྱི་དབང་ཆ་ཡོད་པའི་ཁང་པ་བཙུགས་པར་ཐག་གཅོད་རང་དབང་ལ་ཚོད་འཛིན་ཐེབས་ངེས་པ་དང་། སྡོད་ཁང་ཉོ་འཚོང་གི་གོ་རིམ་ཁྲོད་འགལ་རྐྱེན་ལ་འཕྲད་སྲིད། སྡོད་ཁང་གི་རྒྱུ་བདག་བརྗེ་ཐུབ་ནའང་། གལ་ཏེ་གན་རྒྱའི་ནང་ཁ་ཆད་བཞག་པའི་སྡོད་གནས་ཀྱི་དུས་ཡུན་ལས་ད་དུང་བརྒལ་མེད་ན། གནས་སྡོད་དབང་ཆ་ཡོད་པའི་མིའི་ཁེ་དབང་ལ་སྔར་བཞིན་འགན་སྲུང་བྱ་དགོས། དེ་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན370པར། གནས་སྡོད་བྱེད་དབང་གི་དུས་ཡུན་ལོངས་པའམ་ཡང་ན་གནས་སྡོད་བྱེད་དབང་ཡོད་པའི་མི་ཚེ་ལས་འདས་ཚེ་གནས་སྡོད་བྱེད་དབང་མེད་པར་འགྱུར་བ་དང་། གནས་སྡོད་དབང་ཆ་མེད་པར་གྱུར་ཚེ་ངེས་པར་དུས་ཐོག་ཏུ་ཐོ་འགོད་ལས་བསུབ་དགོས་ཞེས་གཏན་འབེབས་བྱས་ཡོད།
ཡང་ཝང་ལིས་མེན་གྱིས་བཤད་རྒྱུར། གླེང་འོས་པ་ཞིག་ལ་དམངས་དོན་ཁྲིམས་གཞུང་གིས་གནས་སྡོད་དབང་ཆར་ད་དུང་ཚོད་འཛིན་རང་བཞིན་གྱི་གཏན་འབེབས་བྱས་ཡོད་དེ། གནས་སྡོད་དབང་ཆ་གཞན་ལ་བསྐོར་བ་དང་ཤུལ་འཛིན་བྱ་མི་ཆོག་པ་གཏན་འབེབས་བྱས་ཡོད་ལ། གནས་སྡོད་བྱེད་དབང་ཡོད་པའི་སྡོད་ཁང་གླ་གཏོང་བྱ་མི་ཆོག འོན་ཀྱང་དོ་བདག་པར་ཁ་ཆད་གཞན་དག་བཞག་ཡོད་པ་ཕུད། གཏན་འབེབས་འདིས་ཁྲིམས་འཛུགས་ཀྱི་སྟེང་ནས་སྡོད་ཁང་ལ་གནས་སྡོད་དབང་ཆ་འཛུགས་པའི་དམིགས་ཡུལ་ནི། མི་རྣམས་ཀྱི་ཉིན་རྒྱུན་གྱི་འཚོ་བའི་ཆེད་དུ་ཡིན་པ་ལས། ཉོ་འཚོང་དང་གླ་གཏོང་སོགས་ཀྱི་ཁྲོད་ནས་ཁེ་ཕན་འཚོལ་བ་ཞིག་མིན། དེ་ལ་ལྷག་ཏུ་མཉམ་འཇོག་དགོས་པ་ཞིག་ཡིན་ཞེས་ཟེར།