ཟླ8པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཞིན་ཁྲང་ཞིང་གཉིས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།
ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་རྣམ་གཉིས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྨན་པར་དུས་ཆེན་གྱི་འཚམས་འདྲི་ཞུས། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་འཐབ་ཕྱོགས་ཀྱི་བྱ་བ་སྒྲུབ་མཁན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། “བདེ་ཐང་དང་ཚེ་སྲོག་ལ་འབྲེལ་བ་ཡོད་པའི”དམ་བཅའ་དམ་དུ་སྲུང་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་། ཕྱོགས་བསྡུས་སྨན་བཅོས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ནད་གཞི་ཚབས་ཆེན་འགོག་བཅོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་བ། བདེ་ཐང་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ལྷག་པར་ད་ལོའི་པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཞིང་ཆེན་ཡོངས་ཀྱི་སྨན་པ་ཁྲི2ལྷག་གིས་ཉིན་མཚན་མེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཡུལ་ས་གཙོ་བོ་བརྟན་སྲུང་བྱས་ནས་འགན་འཁྲི་ལྕི་མོ་འཁུར་ཕོད་པ་དང་རང་དོན་རྒྱབ་སྐྱུར་གྱིས་ལས་ཀ་བསྒྲུབས་ནས། སེམས་ཤུགས་དང་རྔུལ་ཆུས་མི་དམངས་ཀྱི་བདེ་ཐང་ལ་གཙིགས་སུ་འཛིན་པའི་འགོག་སྲུང་གི་འཐབ་ར་བརྟན་པོ་ཞིག་བསྐྲུན་ཡོད་ལ། ནུས་ཤུགས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱས་ཏེ་ཞིང་ཆེན་ཡོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཆེད་དཀའ་སྤྱད་འབད་བརྩོན་དང་། སྟོབས་ཤུགས་ཆེན་པོ་ལེགས་སྐྱེས་སུ་ཕུལ་ནས“ཚེ་སྲོག་བླ་རུ་བཀུར་བ་དང་། སྲོག་སྐྱོབ་སྨན་བཅོས། ལེགས་སྐྱེས་འབུལ་བ། བྱམས་སེམས་འཛད་མཐའ་མེད་པ”བཅས་ཀྱི་བླ་ན་མེད་པའི་ལས་རིགས་ཀྱི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་སྟོན་བྱས་ཡོད་ཅེས་བསྟན་པར་མ་ཟད། ད་ལོ་ནི་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པའི་ལོ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་སྨན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ”ཞེས་པའི་བླང་བྱ་གལ་ཆེན་དངོས་སུ་ལག་བསྟར་བྱ་དགོས་པར་རེ་འདུན་ཞུས་ཏེ། འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། “སྨན་པའི་བྱམས་སེམས་དང་ སྨན་པའི་གཞུང་དྲང”གི་ལས་རིགས་ཀུན་སྤྱོད་རྒྱུན་འཁྱོངས། སྨན་པའི་ཀུན་སྤྱོད་དང་འཇོན་ཐང་ཆེ་རུ་གཏོང་བ། ལེགས་སྐྱེས་འབུལ་བ་དང་ཞབས་འདེགས་བཟང་བོ་ཞུ་བ། སྤྱོད་བཟང་གཞུང་དྲང་གི་མིག་དཔེ་དང་། ལས་གནས་ལ་དགའ་ཞེན་དང་ལས་ལ་བརྩོན་པའི་མིག་དཔེ་བསྟན་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་གཡས་འདེགས་གཡོན་སྐྱོར་བྱ་དགོས། རང་སོ་སོའི་ལས་གནས་སྟེང་ལེགས་སྐྱེས་གསར་པ་ཕུལ་ནས་གྲུབ་འབྲས་བཟང་བོ་སླར་ཡང་གསར་གཏོད་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་སྔར་ལས་སྲ་ཞིང་བརྟན་པའི་བདེ་ཐང་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད།