མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ལ་སྤྲིངས་པའི་རྟེན་འབྲེལ་བཀའ་འཕྲིན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས།

གསང་བདག་རྒྱལ།  2020-08-19 16:12:41  བོད་ཀྱི་དྲ་བ།

ཟླ8པའི་ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ལ་སྤྲིངས་པའི་རྟེན་འབྲེལ་བཀའ་འཕྲིན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་བཀའ་འཕྲིན་བསྐྱར་དྲན་བྱས་པ་རེད། ལོ་གཅིག་རིང་རྟེན་འབྲེལ་བཀའ་འཕྲིན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་ལག་ལེན་གྱི་གྲུབ་འབྲས་ཕྱོགས་སྡོམ་བྱས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་གཞོན་པ་ལས་ཚབ་ཞིན་ཁྲང་ཞིང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་ཐོག་ཏུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་སྤྱི་ཁྱབ་དཔལ་འབྱོར་མཁས་པ་དབྱང་ཁྲའོ་དང་། རང་བྱུང་ཐོན་ཁུངས་པུའུ་རྒྱལ་ཁབ་ས་ཁོངས་བཅོས་སྒྲིག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལའོ་མིང་། ཀྲུང་གོ་ཚན་རིག་ཁང་ཚན་རྩལ་སྐུལ་འདེད་འཕེལ་རྒྱས་ཅུའུ་ཡི་ཅུས་ཀྲང་གཞོན་པ་སུན་མེན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའམ་པེ་ཅིང་ནགས་ལས་སློབ་ཆེན་གྱི་དེ་སྔའི་སློབ་གཙོ་དབྱི་ཝེ་ལུན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའམ་མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་ཝང་ཀོང་ཆན། པེ་ཅིང་ནགས་ལས་སློབ་ཆེན་རྩྭ་ལས་དང་རྩྭ་ཐང་སློབ་གླིང་གི་རྒྱུན་ལས་ཡོན་ཀྲང་གཞོན་པའམ་དགེ་རྒན་ཆེན་མོ་ཏུང་ཧྲི་ཁུའེ་བཅས་ཀྱིས་གཏམ་བཤད་སྤེལ་བ་རེད།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ལ་སྤྲིངས་པའི་རྟེན་འབྲེལ་བཀའ་འཕྲིན་བསྐྱར་དྲན་བྱས་པ་དེས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་མངོན་པ་དང་། ཀྲུང་གོའི་སྣོད་བཅུད་ཤེས་དཔལ་གྱི་སྐར་ཁུང་གལ་ཆེན་མངོན་པ། བུ་རབས་ཚ་རྒྱུད་ལ་རྩ་ཆེའི་རང་བྱུང་རྒྱུ་ནོར་འཇོག་པ། རྒྱལ་ཁབ་སྤྱི་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་འབྲི་བ། འཛམ་གླིང་གི་སྣོད་བཅུད་ཤེས་དཔལ་ཆེད་དུ་ཀྲུང་གོས་ལེགས་སྐྱེས་འབུལ་བ་བཅས་ཀྱི་རྟེན་འབྲེལ་བཀའ་འཕྲིན་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། རྟེན་འབྲེལ་ཞུ་བའི་བཀའ་འཕྲིན་གྱི་སྐུལ་སློང་འོག རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོའི་སྟེང་སྣོད་བཅུད་གླེང་མོལ་དང་། བློ་གྲོས་མཉམ་སྤྱོད། འཕེལ་རྒྱས་དཔྱད་གླེང་། མ་འོངས་ཇུས་འགོད་བཅས་བྱས་ཏེ། 《ཟི་ལིང་གི་ཐུན་མོང་ངོས་འཛིན》གཅིག་མཐུན་བྱུང་བ་དང་། ཕུན་སུམ་ཚོགས་པའི་ངང་ལེགས་པར་གྲུབ་ཅིང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན།

ཝང་ཅན་ཅུན་གྱིས་ནན་གསུང་གནང་དོན། རྟེན་འབྲེལ་བཀའ་འཕྲིན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ངེས་པར་དུ་མཚོ་སྔོན་གྱི་སྣོད་བཅུད་འགན་འཁྲི་ཕྲག་ཏུ་འཁུར་ནས་ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་བརྟན་འགྱུར་མེད་ངང“རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས”སྲུང་སྐྱོབ་ཡག་པོ་བྱེད་པ། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་ཡག་པོ་བྱེད་པ། “སྣོད་བཅུད་སྲུང་ཡོལ”འགེབ་སྲུང་ལེགས་པོ་བྱེད་པ། “སའི་གོ་ལའི་སྣེ་གསུམ་པར”བདག་སྐྱོང་ཡག་པོ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཆེད་མཚོ་སྔོན་གྱི་འགན་འཁྲི་འཁུར་དགོས། མཚོ་སྔོན་གྱི་སྣོད་བཅུད་འགན་འཁྲི་ཕྲག་ཏུ་འཁུར་བར། ངེས་པར་དུ“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་ལེན་དུ་བསྟར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་མཐའ་འཁྱོངས་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བའི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་བཏང་སྟེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་བྱེད་དགོས་ན། ངེས་པར་དུ“ལེགས་པོ་གཅིག་དང་མཐོ་བ་གཉིས”ལ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྩོད་སྒྲུབ་རིག་པ་ཁོང་དུ་ཆུད་པ། སྣོད་བཅུད་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གྱི་བརྟག་ཐབས་སྨྲ་བ། སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་གཏན་ཚིགས་ཆེན་པོ་དམ་འཛིན་བྱས་ནས“རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་མཚོ་སྔོན་དུ་བསྒྱུར་བའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས། རི་ལྗང་ཆུ་དྭངས་ལ་མཛེས་སྡུག་མངོན་པ་དང་། གསེར་རི་དངུལ་རི་ལ་རིན་ཐང་ཡོད་པར་བྱེད་དགོས། “ལེགས་པོ་གཅིག་དང་མཐོ་བ་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ《ཟི་ལིང་གི་ཐུན་མོང་ངོས་འཛིན》དོན་འཁྱོལ་བྱས་ཏེ་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ། རྒྱུན་ཆད་མེད་པར་ཞིབ་འཇུག་དང་། འཚོལ་ཞིབ། གསར་གཏོད་བཅས་བྱེད་པ། མཉམ་ལས་སྤེལ་རེས་དམ་ཟབ་བྱེད་པ་དང་མཉམ་དུ《ཟི་ལིང་གི་ཐུན་མོང་ངོས་འཛིན》ངེས་པར་དུ་དོན་འཁྱོལ་བྱེད་པ་དང་། 《ཟི་ལིང་གི་ཐུན་མོང་ངོས་འཛིན》ལ་རྒྱུན་ཆད་མེད་པར་དུས་རབས་ཀྱི་བཀྲག་མདངས་འཚེར་བར་བྱེད་དགོས་ཞེས་གསུངས། 

ཞིན་ཁྲང་ཞིང་གིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་སེམས་ཁོང་གི“རྒྱལ་ཁབ་ཀྱི་ཇུས་གཞི་ཆེན་པོར་”བརྩི་དགོས་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་དུ་ལངས་ནས། སྣོད་བཅུད་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཐོས་བསམ་སྒོམ་གསུང་དང་བསམ་སྦྱོར་གཅིག་མཐུན་སྟེང་འབད་པར་བྱེད་པ་དང་། བདེན་པ་མཐོང་བ། དངོས་ཕན་འབྱུང་བའི་ཐད་ལ་མུ་མཐུད་དུ་ཤུགས་བརྒྱབ་སྟེ། “རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས”དང“ཀྲུང་ཧྭའི་ཆུ་མཛོད།” “སའི་གོ་ལའི་སྣེ་གསུམ་པ”བཅས་སྲུང་སྐྱོང་དང་། “སའི་གོ་ལའི་སྲུང་དམག”ཡག་པོ་བྱེད་པའི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས་ཏང་ལ་ལྷག་བསམ་དཀར་བ་དང་མཚོ་སྔོན་གྱི་འགན་འཁྲི་འཁུར་སེམས་མཚོན་པར་བྱེད་དགོས་ཞེས་བསྟན། 

ཞིང་ཆེན་གྱི་མགོ་ཁྲིད་ཡུས་ཚུང་ལེ་དང་། ཁྲེན་རུའེ་ཧྥེང་། ཀྲང་ཀོང་རུང་བཅས་ཚོགས་འདུར་ཞུགས་པ་དང་། ལིག་ཐའོ་ཡིས་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ལ་སྤྲིངས་པའི་རྟེན་འབྲེལ་བཀའ་འཕྲིན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཚན་རྩལ་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། སྣོད་བཅུད་ཁོར་ཡུག་པུའུ། ཀྲུང་གོ་ཚན་རིག་ཁང་། ཆིང་ཧྭ་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། རྒྱལ་ནང་གི་རྒྱལ་ཁབ་སྤྱི་གླིང་དོ་དམ་དང་ཞིབ་འཇུག་ཆེད་མཁས་པ། མཁས་དབང་སོགས་གདན་ཞུས་ལྟར་ཕེབས་ཡོད་པ་རེད། ཚོགས་འདུ་མ་འཚོག་གོང་ཚོགས་ཞུགས་འགོ་ཁྲིད་ཀྱིས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་སྐོར་དང་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ཕན་འབྲས་ཐོན་པའི་ཆེད་དོན་བརྙན་རིས་ལ་གཟིགས་པ་རེད།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།