ཟླ8པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཚབ་མ་ཞིན་ཁྲང་ཞིང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་གསུང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི“ཏན་ཏན་ཏིག་ཏིག་བཞི”དང“ཆེ་ཤོས་གསུམ”གྱི་བླང་བྱ་གལ་ཆེན་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་དགོས་ལ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཇེ་མཐོར་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་དབུལ་ཐར་འགག་སྒྲོལ་གྱི་ཚད་ལོངས་རྒྱུགས་གཞི་སྤྲོད་པ་བཅས་བྱ་དགོས་ཞེས་གསུངས།
ཆར་རྗེས་ཁྲི་ཀའི་གནམ་ས་ཡུག་གཅིག་གཙང་། །རྨ་ཆུ་སྔོན་མོ་རི་བོའི་ཕང་བར་འཁྱུད། །རི་ལུང་ཀུན་ཏུ་ནགས་ཚལ་སྟུག་པོས་བཀླུབས། །ཨེ་མ་ལྷ་ཡི་དགའ་ཚལ་འཕོས་པ་འདྲ། ། ཞིན་ཁྲང་ཞིང་གིས་ས་གནས་དེ་གའི་ཆུ་བྲུག་པ་དང་ཆུ་ལོག་སྔོན་འགོག་ལས་དོན་ལ་རྟོག་ཞིབ་ཞིབ་ཕྲ་གནང་བ་དང་། དཀར་བརྗིད་ཤང་ཨ་སྐོང་སྡེ་བར་ཕེབས་ཏེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་། རྨ་ཆུའི་རྒྱུད་ཀྱི་ཁྲི་ཀའི་ཧི་དབྱིན་གྲོང་རྡལ་ས་ཁུལ་གྱི་སྦགས་བཙོག་འགོག་བཅོས། ཆུའི་སྣོད་བཅུད་སླར་གསོའི་གནས་ཚུལ་བཅས་ལ་གཟིགས་ཞིབ་གནང་བ་རེད། ཞིན་ཁྲང་ཞིང་གིས་བསྟན་དོན། རི་ལྗང་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྨ་ཆུའི་ཡུལ་སྲོལ་ལམ་ཐིག་གི“ཆུ་དང་། རྩྭ། ཉ། བྱ། མི”བཅས་མཉམ་འཚོའི་མ་ལག་ཕན་ནུས་ལྡན་པའི་སྒོ་ནས་འཐུས་ཚང་དུ་གཏོང་བ། རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དར་སྤེལ་བཏང་ནས་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་ལ། རྨ་ཆུའི་བྲུག་ཚད་དང་ས་གཤིས་ཁོར་ཡུག་སོགས་ལ་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ་གཏོང་རྒྱུར་ཤུགས་བསྣན་ནས་ཆར་ཆུ་འབབ་ཚད་ཆེ་བས་འདམ་རུད་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་སྔོན་འགོག་ཧུར་ཐག་གིས་བྱ་དགོས་ཞེས་བསྟན།
དེའི་རྗེས་སུ། ཞིན་ཁྲང་ཞིང་ཁྲི་ཀ་རྫོང་ཧི་དབྱིན་གྲོང་རྡལ་བདེ་སྐྱིད་ཁྱིམ་གཞིས་སུ་ཕེབས་ཏེ། ཡུལ་གཞན་གནས་སྤོར་དབུལ་སྐྱོར་དུད་ཚང་ཆི་ཚའེ་མིང་དང་བན་དེ་མཁར་གྱི་ཁྱིམ་དུ་བསྐྱོད་པ་དང་། མཁར་རྫོང་དུ་གནས་སྤོར་རྗེས་ཀྱི་ལས་ཞུགས་སློབ་ཞུགས་དང་ཁྱིམ་ཚང་གི་ཡོང་འབབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།
ཁྲི་ཀ་རྫོང་ཧི་དབྱིན་གྲོང་རྡལ་ཀྲང་ཅ་ཁུག་སྡེ་བའི་ཐང་ཆེན་དུ། རྒན་པོ་འགའ་ཡིས་སྐུད་གསུམ་པི་ཝང་དཀྲོལ་བ་དང་། ལག་པས་རླུང་གཡབ་བཟུང་ནས་དབྱང་ཀོ་ཞབས་བྲོ་འཁྲབ་བཞིན་འདུ་འཛིས་ཁེངས་ཡོད། ཞིན་ཁྲང་ཞིང་གིས་སྤྲོ་སྣང་ལྡན་པའི་ངང་རྒན་རྒོན་ཚོ་དང་གླེང་མོལ་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། མི་སྡོད་ཁོར་ཡུག་བཅོས་སྒྲིག དམངས་ཕན་ཞབས་ཕྱིའི་ཚོམས་ཆེན། ཉིན་མོའི་བདག་སྐྱོང་ལྟེ་གནས་ཀྱི་དོ་དམ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད། ཞིན་ཁྲང་ཞིང་གིས་གསུང་དོན། རིག་གནས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་དགོས་ངེས་ནང་དོན་ཡིན་པས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་། “གསང་སྤྱོད་གསར་བརྗེ”དང་། གད་སྙིགས་བཙོག་ཆུ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་དང་མི་སྡོད་ཁོར་ཡུག་ལེགས་བཅོས་བཅས་བྱ་དགོས་ལ། དུས་མཚུངས་སུ་གྲོང་གསེབ་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཞིང་པའི་བསམ་པའི་ཉམས་འགྱུར་ལེགས་བཅོས་བྱེད་པ། ཡ་རབས་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་བོ། བབ་ཆགས་དམངས་སྲོལ་བཅས་གསོ་སྐྱོང་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏང་དགོས་ཞེས་བསྟན།