མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

ཕུགས་ཕན་ལམ་ལུགས་བཙུགས་ནས་ཟས་རིགས་འཕྲོ་བརླག་གཏོང་བའི་བྱ་སྤྱོད་གཏན་འགོག་བྱ་དགོས།

ཁོན་ཐར་འཚོ།  2020-08-14 15:09:23 

 ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟས་རིགས་འཕྲོ་བརླག་གཏོང་བའི་བྱ་སྤྱོད་བཀག་འགོག་བྱ་དགོས་པའི་སློབ་སྟོན་གལ་ཆེན་གནང་སྐབས། ཕུགས་ཕན་གྱི་ནང་རྐྱེན་ལམ་ལུགས་བཙུགས་ནས་བཟའ་བཏུང་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་ལ་བཅའ་ཁྲིམས་གཏན་འབེབས་ཀྱི་ཐོག་ནས་ལྟ་དོམ་ནན་མོ། བྱེད་ཐབས་ཕན་ལྡན་ལག་ཏུ་བསྟར་ནས་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས་པ་དང་། གྲོན་ཆུང་ལ་གོམས་པའི་དྲིལ་སྒྲོག་སློབ་གསོ་ལེགས་པོ་བཏང་ནས་སྤྱི་ཚོགས་ཐོག་ཆུད་ཟོས་ནི་ངོ་ཚ་དང་། གྲོན་ཆུང་ནི་གཟི་བརྗིད་དུ་བརྩི་བའི་སྲོལ་བཟང་དར་སྤེལ་དུ་གཏང་དགོས་པ་ནན་གྱིས་བསྟན།

རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུ་རིགས་བདེ་འཇགས་དང“གྲོན་ཆུང་ནན་ཏན་བྱེད་པ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི”སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་གཏོང་བའི་ཕྱོགས་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་བཀག་འགོག་དགོས་པའི་སྐོར་ནས་ཐེངས་མང་ནན་བཤད་གནང་ཡོད་ཟེར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བཅོས་སྐྱོང་བྱེད་ཐབས་ནུས་ལྡན་ཅན་རབས་དང་རིམ་པ་ལག་ཏུ་བསྟར་བས་བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་ཇེ་ཉུང་དུ་ཕྱིན་ཡོད།  ལྷག་པར་དུ་གཞུང་དངུལ་སྤྱད་དེ་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་ཐད་མང་ཚོགས་ཀྱིས་བསམ་འཆར་མང་པོ་བཏོན་པར་བརྟེན་བཀག་འགོག་ཐུབ་ཡོད་པས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་གྲོན་ཆུང་གི་དར་སྲོལ་བཟང་བོ་ཞིག་ཆགས་དང་ཆགས་མུས་རེད། འོན་ཀྱང་ས་གནས་ཁ་ཤས་སུ་བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་སྔར་བཞིན་གནས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ངེས་པར་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་སྤྱི་ཚོགས་ཡོངས་ནས་བཟའ་བཏུང་འཕྲོ་བརླག་གཏོང་རིགས་བཀག་འགོག་བྱེད་པར་སྐུལ་འདེད་གཏང་དགོས། 

འབྲུ་རིགས་བདེ་འཇགས་ལ་ཐོག་མཐའ་བར་གསུམ་དུ་ཉེན་ཁའི་འདུ་ཤེས་ཡོད་དགོས།

“རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་ལོ་ལེགས་བསྟུད་མར་བྱུང་རུང་། འབྲུ་རིགས་བདེ་འཇགས་ཐད་ལ་ཐོག་མཐའ་བར་གསུམ་དུ་ཉེན་ཁའི་འདུ་ཤེས་ཡོད་དགོས། དེ་ནི་ད་ལོའི་གོ་ལ་ཧྲིལ་པོར་བྱུང་བའི་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཆེན་པོས་ང་རང་ཚོར་ཉེན་བརྡ་བཏང་ཡོད་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་ཐུན་མོང་ནས་ངོས་འཛིན་ཟབ་མོ་བྱུང་ཡོད།

ཀྲུང་གོ་མི་དམངས་སློབ་ཆེན་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ལུའེ་ཅེ་ཡིས། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་ལོ་བསྟུད་མར་ལོ་ལེགས་བྱུང་མོད། འོན་ཀྱང་དུས་ཡུན་འབྲིང་རིང་ནས་བལྟས་ན། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་དང་དགོས་མཁོ་གཉིས་སྔར་བཞིན་དོ་སྙོམས་ཡོང་བ་རྒྱུན་འཁྱོངས་བྱ་ཆེད་རྩ་བར་གྱུར་བའི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་ཡོད་དགོས། གྲོན་ཆུང་ཚགས་དམ་དང་བཟའ་བཏུང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གྲོན་ཆུང་གི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཀྱང་རེད་ཟེར།

པེ་ཅིང་དུ། ཧམ་ཤེད་ཆེ་བའི་འབྲས་ཕྱེ་སྲོལ་གཏོད་མཁན་ཀྲང་ཐེན་དབྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟའ་བཏུང་འཕྲོ་བརླག་གི་བྱ་སྤྱོད་བཀག་འགོག་བྱེད་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་ལས་བཟོ་ཡོངས་ལ་དུས་ཡུན་ཟླ་བ་གཅིག་གི་གསོ་སྦྱོང་བྱ་རྒྱུ་གཏན་འཁེལ་བྱས་ནས་ལས་བཟོ་པའི་འབྲུ་རིགས་གྲོན་ཆུང་གི་འདུ་ཤེས་ཇེ་ཆེར་བཏང་། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟའ་བཏུང་འཕྲོ་བརླག་གི་སྣང་ཚུལ་ནི་མཐོང་བ་ཙམ་གྱིས་ཧང་སངས་པ་ཞིག་རེད། སྡེར་མའི་ནང་གི་ལྟོ་ཟས་དེ། དཀའ་བ་རེ་རེ་སྤྱད་དེ་འཐོབ་ཅེས་གསུངས་པ་བཞིན། འབྲས་ཐུག་དཀར་ཡོལ་རེ་རེ་འཐོབ་རྒྱུ་ལས་སླ་བོ་མིན་པ་ཤེས་ཆེད། ང་ཚོ་རང་ཉིད་ནས་མགོ་བརྩམས་ཏེ་ལུགས་མིན་ཚུན་མིན་གྱི་འཛད་སྤྱོད་དགོས་མཁོ་ཚོད་འཛིན་དང་། གསོལ་ཅོག་སྟེང་གི་ཆུད་ཟོས་གཏན་འགོག་བྱ་དགོས་ཞེས་བསྟན་ཡོད།

རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་འགན་འཁུར་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་བརྩི་སྲུང་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་ཉེན་མེད་འཐབ་ཇུས་ལག་བསྟར་ནན་ཏན། རིམ་པ་དེ་བས་མཐོ་བ་དང་། སྤུས་ཚད་དེ་བས་མཐོ་བ། ལས་ཆོད་དེ་བས་ཆེ་བ། རྒྱུན་མཐུད་དེ་བས་ཐུབ་པ་བཅས་ཀྱི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་མ་ལག་གང་མགྱོགས་ཅི་མགྱོགས་ཀྱིས་བཙུགས་ཏེ། འབྲུ་རིགས་ཐོན་སྐྱེད་བྱས་རྗེས་ཀྱི་གྱོང་གུད་འབྱུང་སའི་གནད་ས་མང་པོར་མ་ལག་བཟོས་ནས་དོ་དམ་ནན་མོ་བྱེད་དགོས་པ་དང་།  འཛད་སྤྱོད་ཀྱི་ཕྱོགས་ནས“འཛམ་གླིང་གི་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར” “རྒྱལ་ཡོངས་ཀྱི་འབྲུ་རིགས་ཚན་རྩལ་བྱེད་སྒོའི་གཟའ་འཁོར”སོགས་ཀྱི་བྱེད་སྒོར་བརྟེན་ནས་འབྲུ་སྣུམ་སྡེ་ཁུལ་དང་། ཁྱིམ་ཚང་། སློབ་གྲྭ། དམག་སྒར་བཅས་སུ་ཚན་རྩལ་ཁྱབ་གདལ་སྐོར་གྱི་བྱེད་སྒོ་སྤེལ་དེ་ཚན་རིག་དང་མཐུན་ལ་ཡ་རབས་ཚུལ་ལྡན་གྱི་འཛད་སྤྱོད་བྱེད་སྟངས་དར་སྤེལ་ཆེན་པོ་བྱེད་པ་དང་།  “འབྲུ་རིགས་ལ་གཅེས་སྤྲས་བྱས་ན་གཟི་བརྗིད་དང་། འབྲུ་རིགས་འཕྲོ་བརླག་བཏང་ན་ངོ་ཚ་ཡིན་པའི་”རྣམ་པ་བཟང་པོ་ཞིག་བསྐྲུན་དགོས།

ལེའོ་ཉིང་ཞིང་ཆེན་ཧྥུའུ་ཞིན་སོག་རིགས་རང་སྐྱོང་རྫོང་གི་ཕའོ་ཙི་གྲོང་རྡལ་པ་ལི་གྲོང་ཚོའི་ཀྲའོ་ཞའོ་ལེང་ཚང་ནི་ས་གནས་དེ་གའི་འདེབས་འཛུགས་ལ་མཁས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། ཁོང་གིས་སྣེ་ཁྲིད་དེ་བཙུགས་པའི་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་གིས་རྨོ་ཞིང་མུའུ1200ལྷག་ཙམ་འགན་གཙང་བླངས་པ་རེད། རྨོ་ཞིང་མུའུ་400ལ་གཞན་ལ་འགན་བཅོལ་ཡོད། མིག་སྔར་མ་རྨོས་ལོ་ཏོག་འཚར་ལོངས་འབྱུང་བའི་འགག་རྩའི་དུས་སྐབས་ཡིན། ཀྲའོ་ཞའོ་ལིའང་ནི་ཉིན་ལྟར་ཞིང་ནང་དུ་སྐོར་བ་འགའ་རྒྱག་རྒྱུ་དགའ། ཁོས་བཤད་རྒྱུར། ཁ་དཔེ་ལ་རང་ལ་འབྲུ་རིགས་ཡོད་ན་སེམས་ལ་འཚབ་ལངས་དགོས་མེད་ཟེར་བ་རེད། ང་ཚོ་མི་འབོར་དུང་ཕྱུར14ཡོད་པའི་རྒྱལ་ཁབ་ཆེན་པོ་འདིས་འབྲུ་རིགས་བདེ་འཇགས་ལ་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་གཏོང་མི་རུང་ལ། ཞིང་ཕན་ཞིང་རྒྱས་ཀྱི་སྲིད་ཇུས་ཁག་བེད་སྤྱོད་གང་ལེགས་བྱ་དགོས། འབྲུ་རིགས་གང་ལེགས་གང་བཟང་མང་འདེབས་མང་ཐོན་བྱས་པ་དང་ཆབས་ཅིག་འབྲུ་རིགས་བརྔ་བསྡུ་དང་གསོག་ཉར་ཡང་ཡག་པོ་བྱས་ནས་འབྲུ་རྡོག་གཅིག་ཀྱང་མི་ལུས་བར་མཛོད་དུ་འཇུག་གང་ཐུབ་ལ་ཧུར་ཐག་བྱས་པ་ཡིན་ཟེར།

བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་བློ་ཐག་རྦད་ཆོད་ཀྱིས་བཀག་འགོག་བྱེད་དགོས།

“ཁྲིམས་འཛུགས་ལ་ཤུགས་སྣོན་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། བྱེད་ཐབས་ནུས་ལྡན་སྤྱད་དེ་ ཕུགས་ཕན་ལམ་སྲོལ་བཙུགས་ནས་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ལག་བསྟར་དོན་འཁྱོལ་ལ་བྱ་ཐབས་ནུས་ལྡན་དང་། སྤྱི་ཚོགས་ཡོངས་ཀྱིས་བཟའ་བཏུང་འཕྲོ་བརླག་བཀག་འགོག་གི་ལས་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཚོང་དོན་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བཟའ་བཏུང་འཕྲོ་བརླག་གཏོང་རིགས་བཀག་འགོག་བྱེད་པའི་ཁྲིམས་སྲོལ་ཞིབ་འཇུག་ཐོག་གཏན་འབེབས་གང་མགྱོགས་བྱ་རྒྱུ་དང་། བཟའ་བཏུང་གྲོན་ཆུང་ཚད་གཞི་འཐུས་ཚང་དུ་བཏང་ནས་གྲོན་ཆུང་ལ་གཟེངས་བསྟོད་དང་ཆུད་ཟོས་ལ་ཆད་གཅོད་བསླབ་འདོམས་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་ཐོག་གཏན་འབེབས་བྱས་ནས་བཟའ་བཏུང་འཕྲོ་བརླག་གཏོང་རིགས་བཀག་འགོག་བྱེད་པའི་ཕུགས་ཕན་ལམ་སྲོལ་གཟུག་རྒྱུ་རེད།

ད་ལོའི་ཟླ3པར། 《ཅང་སུའུ་ཞིང་ཆེན་གྱི་འབྲུ་རིགས་འཁོར་རྒྱུག་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་ལ། དེའི་ནང“འབྲུ་རིགས་གྲོན་ཆུང་ངང་སྤྱོད་པར་བསྔགས་སྐུལ་དང་། བདེ་ཐང་གི་འཛད་སྤྱོད་དར་སྤེལ་གཏོང་དགོས་པ ” གསལ་བོར་བསྟན་འདུག ཅང་སུའུ་ཞིང་ཆེན་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཁྲིམས་སྲོལ་སྒྲིག་གཞི་སྒྱུར་བཅོས་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲའོ་ཡུན་ཧྥང་གིས། 《སྲོལ་ཡིག》གི་ནང་དུ་ཁྲིམས་འཛུགས་ཀྱིས་སྲིད་གཞུང་སྡེ་ཚན་དང་། འབྲུ་རིགས་གཉེར་སྐྱོང་མཁན་སྡེ་ཚན། འབྲུ་རིགས་སྤྱོད་མཁན་ཚན་པ། དེ་བཞིན་གསར་འགྱུར་སྨྱན་སྦྱོར་བཅས་ཀྱི་འགན་འཁྲི་དང་ངེས་གནས་ཁ་གསལ་བཟོས་ཡོད་པ་ནི། “རྫོང་རིམ་པ་ཡན་གྱི་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་འབྲུ་རིགས་ལ་གཅེས་སྤྲས་དང་གྲོན་ཆུང་བྱེད་དགོས་པའི་དྲིལ་བསྒྲགས་སློབ་གསོ་ལེགས་པོ་སྤེལ་དགོས་པ་མ་ཟད། དྲིལ་བསྒྲགས་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། འབྲུ་རིགས་གཉེར་སྐྱོང་བྱེད་མཁན་སྡེ་ཁག་དང་འབྲུ་རིགས་སྤྱོད་མཁན་སྡེ་ཚན་གྱིས་སྒྲིག་བཀོད་གསར་པ་དང་། ལག་རྩལ་གསར་པ། སྒྲིག་ཆས་གསར་པ་བཅས་བེད་སྤྱད་དེ་འབྲུ་རིགས་གྲོན་ཆུང་བྱ་དགོས་པ། གསར་འགྱུར་སྨྱན་སྦྱོར་གྱིས་འབྲུ་རིགས་གྲོན་ཆུང་བྱེད་པའི་སྤྱི་ཕན་རང་བཞིན་གྱི་དྲིལ་བསྒྲགས་དང་འབྲུ་རིགས་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་ལ་གླེང་ཕྱོགས་ཀྱི་ཆ་ནས་ལྟ་སྐུལ་ནན་མོ་བྱེད་དགོས་བཅས་བླང་བྱ་ནན་མོ་བཏོན་ཡོད་ཅེས་ངོ་སྤྲོད་གནང་བྱུང་།

ཧའེ་ཀྲུའུ་ཁུལ་དུ་གནས་པའི་ཕཱ་ཞིན། ཀོང་ཀྲོའུ་མཆོད་རྟེན་བཅས་ནི་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་ཤོས་ཡིན་པ་དང་། དུས་རྒྱུན་མི་མང་བ། བཟའ་བཏུང་འཛད་སྤྱོད་འཁྲུག་ཆ་དོད་པས། ཧའེ་ཀྲུའུ་ཆུས་ཀྱིས“ཡ་རབས་གསོལ་ཅོག”ཅེས་པའི་བྱེད་སྒོ་དང་བཟའ་བཏུང་ཞབས་ཞུ་དང་བཟའ་བཅའི་བདེ་འཇགས་ལྟ་སྐུལ་ཚད་གཞི་རིམ་དབྱེ་ཡི་དོ་དམ་བྱེད་ཐབས་གཉིས་ཟུང་དུ་སྦྲེལ་ནས་ཡ་རབས་གསོལ་ལྕོག་དར་སྤེལ་དང་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱས་ཤིང་། དེ་ཁྲོད་དུ་གྲུབ་འབྲས་ཁྱད་དུ་འཕགས་པའི་བཟའ་བཏུང་ཞབས་ཞུའི་ཚན་པར་ཚད་གཞི་དང་རིམ་པའི་ཆ་ནས་དཔྱད་བསྡུར་ཐོག་སྐར་མ་བསྣན། དེ་བཞིན་དུ“དོན་འཁྱོལ་གནད་ལ་མ་འཁེལ་བ་རྣམས་ལ་དག་ཐེར་དང་ལྟ་སྐུལ་ནན་མོ་བྱས་ཏེ། ཚད་གཞི་དང་རིམ་པ། གདེང་འཇོག་གི་སྐར་མ་འཐེན་ནས་ཐག་གཅོད་བྱས་པ་དང་། ‘ཡ་རབས་གསོལ་ཅོག’གི་བྱེད་སྒོ་དོན་ཐོག་ཏུ་འཁྱོལ་ཅི་ཐུབ་བྱས་ཡོད”ཅེས་ཧའེ་ཀྲུའུ་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་བཟའ་བཏུང་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ལི་ཡུང་གིས་བཤད།

“ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་སུའུ་ཤན་ཆུས་སྲིད་འཛིན་ལྟེ་གནས་ལས་ཁུངས་ཀྱི་ཟ་ཁང་དུ་སྐྱོད་སྐབས་ཐོག་མར་མིག་ལམ་དུ་འཆར་བ་ནི་ “འབྲུ་རིགས་ལ་གཅེས་སྤྲས་བྱ། འཕྲོ་བརླག་ལ་གཏན་འགོག་དགོས། ཟས་རིགས་ཚུལ་ལྡན་གྱིས་སྤྱོད་རོགས། ཅེས་པའི་ཡིག་འབྲུ་ཆེན་པོ་དེ་རེད། ལས་ཞུགས་ཀྱི་ཉིན་ལ་དེར་ཡོང་མཁན་མགྲོན་པོ1000ཙམ་ཟིན་གྱི་ཡོད། དང་ཐོག་ཟ་ཁང་གིས་རང་འདེམས་ཁ་ལག་གི་རྣམ་པ་སྤྱད་ནས་ཚད་གཞི་གཏན་འཁེལ་བྱས་མེད་སྟབས་ཆུད་ཟོས་ཀྱི་སྣང་ཚུལ་མི་ཉུང་བ་ཞིག་ཐོན་ཡོད། སུའུ་ཞན་ཆུས་ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས་དང་ཟ་ཁང་གིས་གྲོས་མོལ་བྱས་རྗེས་ལས་བྱེད་ལས་བཟོ་པས་སྒེའུ་ཁུང་ནས་གྲལ་སྒྲིག་པ་དང་། ཟ་ཁང་གི་ལས་བཟོ་བས་ཟ་མ་ལས་པའི་འགན་ཁུར་བ་མ་ཟད། ཚལ་རིགས་ཆུང་གྲས་དང་ཁག་བགོས་ལམ་ལུགས་ཁྱབ་གདལ་བཏང་ནས་དེ་སྔའི་ཟ་མ་ཟ་སྟངས་ལ་འགྱུར་ལྡོག་བཏང་བ་དང་། ཆུད་ཟོས་ཀྱི་སྣང་ཚུལ་ཇེ་ཉུང་དུ་སོང་བ་མངོན་གསལ་ཕྱིན་ཡོད། སུའུ་ཞན་ཆུས་ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཝུན་ཀེས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློན་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། ཏང་སྲིད་ལས་ཁུངས་ཀྱི་ཟ་ཁང་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མིག་དཔེ་དང་སྣེ་འཁྲིད་འོག ང་ཚོས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཟ་ཁང་ལ་གྲོན་ཆུང་ལམ་ལུགས་འཐུས་ཚང་བཟོ་ངེས་ཡིན་ཟེར།

ཁྲུང་ཆིང་གྲོང་ཁྱེར་ཆི་ཅང་ཆུས་ཀྱི་ལས་ཁུངས་ཟ་ཁང་དུ“སྡེར་གཙང་བྱ་སྤྱོད”དར་སྤེལ་གཏོང་བའི་དྲོ་སྐྱིད་ལྡན་པའི་དྲན་སྐུལ་གང་སར་མཐོང་རྒྱུ་ཡོད། “འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་ཐོན་ཁུངས་འདོན་དགོས་ལ་གྲོན་ཆུང་ཡང་བྱེད་དགོས། བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ་ནི་གྲོན་ཆུང་ཐབས་ལམ་གལ་ཆེན་ཞིག་ཡིན། ཞེས་ཆུས་ཏང་ཨུའིཀྱི་ཧྲུའུ་ཅི་ཡོན་ཆིང་ཧྭ་ཡིས་བཤད། ཡན་ཅང་ཆུས་ཀྱི་ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སློབ་གསོ་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ནང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་ལས་ཁུངས་ཀྱི་རྒྱུན་གཏན་དོ་དམ་ནང་བཅུག་ཡོད། རྒྱས་སྤྲོས་ཆུད་ཟོས་ཀྱི་དཔེ་མཚོན་གྱོད་གཞི་དུས་ངེས་མེད་དུ་དམར་རྗེན་དུ་བཏོན་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དར་སྲོལ་བཟང་པོ་ཞིག་ཆགས་པར་ཁྲིད་སྟོན་བྱས། 

ཧྥུའུ་ཅན་ཞིང་ཆེན་ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་དང་ཝུའུ་ཧྥུའུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཀྲི་ཝེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་བཟའ་བཏུང་འཕྲོ་བརླག་གཏོང་ཚུལ་བཀག་འགོག་བྱ་རྒྱུའི་སློབ་སྟོན་གལ་ཆེན་གནང་རྗེས། ཝུའུ་དབྱི་ཧྲན་གྲོང་ཁྱེར་སྲིད་གཞུང་གིས་འཕྲལ་མ་ཉིད་དུ་གཅིག་སྡུད་སློབ་སྦྱོང་སྒྲིག་འཛུགས་བྱས་ནས་གཞུང་དོན་བྱེད་སྒོས་ཟ་མ་ཟ་སྐབས་འཕྲོ་བརླག་གཏོང་རིགས་གཏན་འགོག་བྱ་རྒྱུའི་ཐད་བླང་བྱ་དེ་བས་མཐོན་པོ་བཏོན་ཡོད་ཅེས་བཤད་བྱུང་།

རིམ་པ་དང་རིགས་མི་འདྲ་བའི་སློབ་གྲྭ་སོ་སོས་ཐོག་མཐའ་བར་གསུམ་དུ་བཟའ་བཏུང་འཕྲོ་བརླག་གཏོང་རིགས་བཀག་འགོག་བྱ་རྒྱུ་དེ་རྒྱུན་ལྡན་གྱི་སློབ་གསོའི་ནང་དོན་དུ་འཛིན་དགོས་པ་མ་ཟད། སློབ་མར་གྲོན་ཆུང་གི་གོམས་གཤིས་ཡག་པོ་ཆགས་སུ་འཇུག་དགོས།

ཀྲེ་ཅང་སྨྱན་སྦྱོར་སློབ་གླིང་གིས་འཚོ་བཅུད་སྟབས་བདེའི་ཟས་རིགས་དང་། ཚན་རིག་དང་མཐུན་པའི་ཟས་ཐོ་གཏན་འབེབས། ཟས་རིགས་སྡེབ་སྒྲིག་གི་བྱ་ཐབས་བཏོན་པ་མ་ཟད། གཞི་གྲངས་ཆེན་པོར་བརྟེན་ནས་ཟ་མ་ཟ་བའི་ཚད་དང་དགེ་སློབ་ཀྱི་བཟའ་བཏུང་ལ་ཞིབ་འཇུག་བྱས་ནས་དགོས་མཁོ་དང་གྲངས་འབོར་ལྟར་མཁོ་སྤྲོད་མངོན་འགྱུར་བྱས་ཡོད། རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཅན་ཁྲུན་ཧྭ་ཡིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་གྲོན་ཆུང་ནུས་པ་སྔོག་འདོན་གཏིང་ཟབ་བྱེད་པ་དང་དྲིལ་བསྒྲགས་སློབ་གསོར་ཤུགས་བསྣན་ནས་དགེ་སློབ་ཀྱི་གྲོན་ཆུང་གོམས་གཤིས་སྐྱེད་སྲིང་ཏན་ཏིག་བྱ་འཆར་ཡོད་ཟེར།

ཅང་ཞིས་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་ལོ་མང་བསྟུད་མར་“སྡེར་གཙང་ཤིང་ཏོག་བརྗེ་བའི”བྱེད་སྒོ་སྤེལ་བ་དང་། ནན་ཁྲང་སློབ་ཆེན་དང་ནན་ཁྲང་མཁའ་འགྲུལ་སློབ་ཆེན་སོགས་མཐོ་སློབ་ཀྱིས་དང་བླངས་པའི་ཁ་ཏ་བསླབ་བྱ་ལམ་སྲོལ་བཙུགས་ཏེ་གཞོན་ནུ་སློབ་མས་ཇི་ཙམ་ཟས་ན་དེ་ཙམ་རྒྱག་དགོས་པ་ལས་ཆུད་ཟོས་འཕྲོ་བརླག་ཏུ་གཏོང་མཁན་གཏན་འགོག་བྱས།

ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་བསྐྲུན།

“དྲིལ་བསྒྲགས་སློབ་གསོར་ཤུགས་ཆེན་པོ་བརྒྱབ་ནས་གྲོན་ཆུང་གི་གོམས་གཤིས་བཟང་བོ་ཆགས་སུ་བཅུག་ཏེ། སྤྱི་ཚོགས་ཡོངས་སུ་འཕྲོ་བརླག་གཏོང་བ་ནི་ངོ་ཚ་ཡིན་པ་དང་། གྲོན་ཆུང་བྱས་ན་ནི་གཟི་བརྗིད་ཡིན་པའི་སྲོལ་བཟང་དར་སྤེལ་གཏང་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་སློན་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་དྲིལ་བསྒྲགས་སློབ་གསོར་ཤུགས་བསྣན་དང་། ལུགས་མཐུན་དང་སྐྱོན་བྲལ་གྱི་བཟའ་བཏུང་རིག་གནས་དར་སྤེལ་ཧུར་ཐག་བཏང་ནས་རྒྱས་སྤྲོས་རྒྱས་གཤོམ་ལ་སོགས་ཀྱི་དར་སྲོལ་ངན་པ་མེད་པར་བཟོ་དགོས། བཟའ་བཏུང་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་དགོས།

ཟླ8ཚེས12ཉིན་གྱི་སྔ་དྲོར། ཧྲན་ཏུང་ཞིང་ཆེན་ཅའོ་ཀྲོའུ་གྲོང་ཁྱེར་ཨའེ་ཧོ་ལམ་དུ་ཅའོ་ཀྲོའུ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲོང་མེང་ཁུན་གྱིས་གྲོང་གཏོད་གཞུང་དོན་ཁང་གི་སྤྱི་ཕན་བརྡ་ཁྱབ་ཚོགས་ཆུང་དང་ས་གནས་ས་ཐོག་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་སྣེ་ཁྲིད་དེ་གྲོང་གཏོད་གཞུང་དོན་ཁང་གི་སྤྱི་ཕན་བརྡ་ཁྱབ་ཚོགས་ཆུང་དང་ས་གནས་ས་ཐོག་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་། ཉེ་འཁོར་གྱི་བཟའ་བཏུང་བྱེད་སར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། འདི་ལོ་ཅའོ་ཀྲོའུ་གྲོང་ཁྱེར་གྱིས་ཡ་རབས་ཚུལ་ལྡན་གྱི་གསོལ་ཅོག་དང་། གྲོན་ཆུང་སྤྱོད་བཟང་། གཞུང་གི་ཐུར་མ་དང་གཞུང་གི་ཁེམ་བུ་བཅས་བརྗོད་བྱར་བཟུང་བའི་སྤྱི་ཕན་བརྡ་ཁྱབ་གཅིག་གྱུར་ཐོག་ཇུས་འགོད་དང་སྒྲིག་བཟོ་བྱས་པ་རེད། “ང་ཚོས་དྲ་ཐོག་དང་དྲ་ཕྱིའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱ་ཆེའི་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་རང་ཉིད་ནས་འགོ་བཙུགས་ཏེ་གྲོན་ཆུང་བསྲི་ཚགས་ཀྱིས་ལྟོ་ཆས་ཟ་བ་དང་ཡ་རབས་ངང་ལྟོ་ཆས་ཟ་རྒྱུར་ཁྲིད་སྟོན་བྱས།

ཚན་རིག་དང་མཐུན་ལ་ཚུལ་མཐུན་གྱི་བཟའ་བཏུང་འཛད་སྤྱོད་བྱེད་སྟངས་ཁྱབ་གདལ་དང་། བཟའ་བཏུང་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཟླ8ཚེས11ཉིན། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱིས་ཝུའུ་ཧན་གྲོང་ཁྱེར་གྱི་ཟ་ཁང་ཚང་མར་གྲོས་འགོ་འདི་འདྲ་ཞིག་བཏོན་ཡོད་དེ། “N-1”གི་ཁ་ཟས་མངགས་སྟངས་ཤིག་བཏོན་པ་ནི། མགྲོན་པོ10ཡིས་མི9ཚལ་འདེམས་རྒྱུ་དང་། གལ་ཏེ་མི་འདང་དུས་ཁ་སྣོན་བརྒྱབ་ཆོག་པ། མགྲོན་པོ་གཉིས་གསུམ་ཅན་ལ་ཟ་ཁང་གིས་སྔོ་ཚལ་ཕྱེད་ཀ་དང་སྔོ་ཚལ་ཆུང་ངུ་འདོན་པར་སྐུལ་མ་བྱ་རྒྱུ་དང་། གྲོན་ཆུང་གི་སྔོན་འགྲོའི་ཆ་རྐྱེན་འོག་འཛད་སྤྱོད་པས་སྣ་ཁ་མང་དགོས་ཀྱི་རེ་བ་སྐོང་རྒྱུ་སོགས་ལྟ་བུ་རེད། “ང་ཚོས་ལོ་ལྟར་ཝུའུ་ཧན་གྲོང་ཁྱེར་གྱི་བཟའ་བཏུང་ལས་རིགས་ཀྱི་ཆུད་ཟོས་སྣང་ཚུལ་ལ་བརྟག་ཞིབ་བྱེད་ཀྱི་ཡོད། 2013ལོར་‘སྡེར་གཙང་བྱ་སྤྱོད’སྤེལ་ཚུན། བཟའ་བཏུང་འཕྲོ་བརླག་གི་སྣང་ཚུལ་ཇེ་ཉུང་དུ་སོང་ཡོད་མོད། འོན་ཀྱང་སྔར་བཞིན་ཉོ་མཁན་མི་ཉུང་བ་ཞིག་གིས་ངོ་སོ་ལ་ཚོད་མ་མང་པོ་འདེམས་ཆེད་ཆུད་ཟོས་སུ་གཏོང་གི་ཡོད། ཅེས་ཝུའུ་ཧན་གྲོང་ཁྱེར་བཟའ་བཏུང་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ལིའུ་གོ་ལེང་གིས་དེ་ལྟར་ངོ་སྤྲོད་བྱས། 2012ལོར་ཝུའུ་ཧན་གྲོང་ཁྱེར་གྱི་བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་400ཙམ་ཟིན་པ་དང་འཕྲོ་བརླག་གཏོང་ཚད20%ནས30%བར་ཟིན་ཡོད། 2019ལོའི་ལོ་མཇུག་ཏུ་ཝུའུ་ཧན་གྲོང་ཁྱེར་གྱི་བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར1200ལས་བརྒལ་བ་དང་ཆ་སྙོམས་འཕྲོ་བརླག་གཏོང་ཚད5%ཡས་མས་བར་ཆག་ཡོད། “མ་གཞི་ཆུད་ཟོས་ཀྱི་བསྡུར་ཚད་དམའ་རུ་ཕྱིན་མོད། འོན་ཀྱང་སྤྱིའི་གྲངས་འབོར་སྔར་བཞིན་ཧང་སངས་དགོས་པ་ཞིག་འདུག


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།