ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་དེ་ཚེས29ཉིན་ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་དེ་པེ་ཅིང་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་དམག་མིའི་གོ་རྟགས་ཐོབ་པའི་མེ་ཤུགས་འཕུར་མདའི་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་ཞུས་ཀྲུང་པོ་ལ་བཀའ་རྒྱའི་ལག་ཁྱེར་གནང་།
ཕྱི་དྲོའི་ཆུ་ཚོད4དང་སྐར་མ30ཙམ་ལ་གོ་རྟགས་སྤྲོད་པའི་མཛད་སྒོ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་ཚུགས་པ་རེད། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལང་གིས་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་གནང་བའི་བཀའ་རྒྱ་སྒྲོག་འདོན་གནང་བ་རེད། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་སྤྲོད་པའི་མཛད་སྒོར་གཙོ་སྐྱོང་གནང་།
ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་མཁན་ཞུས་ཀྲུང་པོ་ཡིས་དམག་ལྭ་གྲལ་དག་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་སླེབས་པ་ན་ཞི་ཅིན་ཕིང་གིས་ཁོ་ལ་བཀའ་རྒྱའི་ལག་ཁྱེར་གནང་བར་མ་ཟད་རྟེན་འབྲེལ་ཡང་ཞུས་པ་རེད། ཧྲང་ཅང་དམག་དཔོན་གྱི་ཕྲག་རྟགས་བཏགས་པའི་ཞུས་ཀྲུང་པོ་ཡིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་མཛད་སྒོར་ཞུགས་མཁན་གྱི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། གོ་རྟགས་སྤྲོད་པའི་མཛད་སྒོ་དེ་སྐད་གསེང་མཐོ་བའི་དམག་མིའི་གླུ་སྒྲའི་ཁྲོད་མཇུག་སྒྲིལ་བ་རེད།
ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཝུའེ་ཧྥུང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིང་། དེ་མིན་དམག་ཨུ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་དུ་སྡོད་པའི་ལས་ཁུངས་ཆེ་གྲས་ཀྱི་མགོ་ཁྲིད་སོགས་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།