འཕན་པོ་སྡེ་བའི་སོ་སྲུང་བ།
—— རྐང་ཚ་རྫོང་སྤྱི་བདེ་ཅུས་འོམ་ཆུ་གྲོང་རྡལ་མངག་གཏོང་ཁང་གི་སྡེ་དམག་ཚེ་རིང་དོན་གྲུབ་ཀྱི་གནས་ཚུལ་རགས་བཀོད།
གསར་འགོད་པ། ནམ་མཁའ་ཚེ་རིང་།
སྤྱི་ཚོགས་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ། དབུལ་ཐར་འགག་སྒྲོལ་བཅས་ལ་གྲུབ་འབྲས་བཟང་བོ་ཞིག་ལེན་ཆེད། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་རང་རང་གི་ལས་རྐང་དུ་འབད་རྩོན་ཧུར་ལེན་བྱེད་བཞིན་ཡོད་ལ། ཐ་ན་སྡེ་བའི་སྡེ་དམག་ཅིག་ལ་མཚོན་ནའང་སྲིད་ཇུས་ཀྱི་ཁ་ཕྱོགས་ལྟར་རང་གི་ནུས་པ་ཡོད་ཚད་འདོན་སྤེལ་བྱེད་བཞིན་མཆིས་ཏེ། ཉེ་ཆར་གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྤྱི་བདེ་ཅུས་ཀྱི་དྲ་བ་ལས་རང་གི་ལས་རྐང་དུ་ཧུར་ཐག་གིས་བྱ་བ་སྒྲུབ་བཞིན་པའི་སྡེ་དམག་ཚེ་རིང་དོན་གྲུབ་ཀྱི་བྱ་བའི་གྲུབ་འབྲས་རགས་ཙམ་མཐོང་བས་ཆེད་དུ་བཅར་འདྲི་བྱེད་དུ་སོང་།
མི་ཚེའི་གདམ་ག་ཐོག་མར་རྙེད་པ།
གསར་འགོད་པ་རྐང་ཚ་རྫོང་མཁར་དུ་ཐོན་པའི་ཕྱི་ཉིན་སྔ་མོར། སྡེ་དམག་ཚེ་རིང་དོན་གྲུབ་ཡོད་སའི་འོམ་ཆུ་གྲོང་རྡལ་མངག་གཏོང་ཁང་དུ་སོང་བ་ན། ཁོས་གཞུང་ལས་ཁང་དུ་གཙང་སྦྲ་བྱེད་བཞིན་ཉིན་གཅིག་གི་ལས་ཀའི་མགོ་རྩོམ་པར་གྲ་སྒྲིག་བྱེད་བཞིན་ཡོད། གསར་འགོད་པ་ཁོ་དང་བཅར་ནས་བཅར་འདྲི་བྱེད་མགོ་བརྩམས།
སྡེ་དམག་ཚེ་རིང་དོན་གྲུབ་ཀྱི་ཅུང་རིང་ཞིང་སྒུར་བའི་གཟུགས་གཞི་དང་། སྨུག་ཅིང་སྒོར་བའི་ངོ་གདོང་། སྤྱང་གྲུང་འཛོམས་པའི་མིག་ཟུང་བཅས་ལུས་ཀྱི་ཆ་བྱད་རེ་རེ་ལས་ཁོ་ནི་ངང་རྒྱུད་འཇམ་ཞིང་གཞུང་རྒྱུད་དྲང་ལ། ཉེན་རྟོག་པའི་ལས་ཀར་བརྩེ་འདང་ཆེ་ཞིང་ནུས་པ་ལྡན་པ་རང་ཤུགས་ཀྱིས་རྟོགས་ཐུབ། དུས་རབས་སྔོན་མའི་དུས་དཀྱིལ་དུ། ཁོ་རང་རྐང་ཚ་རྫོང་གི་འཕན་པོ་ཟེར་བའི་ཡུལ་སྡེ་དེའི་ཕང་བར་འཚར་ལོངས་བྱུང་། སྦྲ་གུར་སློབ་ཆུང་ནས་རྫོང་མཁར་དུ་ཡོད་པའི་སློབ་འབྲིང་གི་བར་དུ་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་ཤེས་བྱ་མི་ཉུང་བ་ཞིག་སློབ་པའི་གོ་སྐབས་རྙེད། རྗེས་སུ་རྐྱེན་གང་མང་ཞིག་གིས་མུ་མཐུད་ནས་སློབ་གྲྭར་ཞུགས་མ་ཐུབ་ནའང་ཕྱུགས་ཟོག་འཚོ་སྐྱོང་གི་ཞོར་དུ་དཔེ་ཀློག་བྱེད་པར་ཤིན་ཏུ་དགའ། ལོ་ན་བཞི་བཅུའི་རྩ་སྟོད་ཅིག་ནས་བཟུང་ཕྱུགས་ཟོག་འཚོ་སྐྱོང་གི་ལས་དང་ཁ་གྱེས་ཏེ་ཁེ་ལས་ཀྱི་ལམ་གར་བསྙེགས་ནས་རྒྱུ་ནོར་འོས་འཚམས་ཤིག་ཀྱང་བསོགས་ཡོད།
2014ལོའི་ཟླ7པར། འཕན་པོ་སྡེ་བའི་ཏང་ཡོན་གཙོ་བྱས་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་མི་ཡོངས་འཚོགས་ཏེ། གོང་རིམ་སྡེ་ཁག་གི་དགོངས་དོན་ལྟར་གཞུང་རྒྱུད་དྲང་ཞིང་ལས་ལ་བརྩོན་པ། ནུས་པ་ལྡན་ཞིང་སྤྱི་སེམས་ཆེ་བའི་སྡེ་མི་ཞིག་སྡེ་དམག་ལ་གདམ་དགོས་པར་གྲོས་གཞི་བཏོན་ཏེ། ཀུན་གྱིས་གྲོས་བསྡུར་དང་འདེམ་ཤོག་འཕེན་པ་སོགས་བརྒྱུད་མཐར་མ་གྲོས་རང་མཐུན་གྱིས་ཚེ་རིང་དོན་གྲུབ་འཕན་པོ་སྡེ་བའི་སྡེ་དམག་ལ་བདམས།
བརྩོན་པའི་ལས་ལ་འབྲས་བུ་སྨིན་པ།
དུས་དེ་ནས་བཟུང་། ཁོས་ལུས་སུ་ཉེན་རྟོག་པའི་དམག་ལྭ་གྱོན་ཞིང་ཕྲག་ཏུ་ཉེན་རྟོག་པའི་ལས་འགན་འཁུར་ཏེ། སྡེ་བའི་རུ་ཁག་སོ་སོའི་བགྲོད་ལམ་གང་རུང་དུ་ལམ་འགྲོ་བ་དང་རླངས་འཁོར་ཆ་མེད་ལ་ཞིབ་བཤེར་བྱེད་པ། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཐོ་དང་ཐོབ་ཐང་དཔང་ཡིག་གི་འགྲོ་ལུགས་སྒྲུབ་རོགས་བྱེད་པ། དུས་བསྟུན་གྱི་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་པ་སོགས་གོང་རིམ་གྱིས་ཁོ་ལ་སྤྲད་པའི་ལས་འགན་ཐམས་ཅད་དཀའ་ཚེགས་ལ་མི་འཛེམ་པར་དུས་ཐོག་ཏུ་སྒྲུབ་བཞིན་ཡོད།
འཕན་པོ་སྡེ་བའི་སྡེ་དཔོན་གཡང་འབུམ་རྒྱལ་གྱིས་བཤད་རྒྱུར། དང་ཐོག་ཁོ་རང་ཉིད་ལ་མཚོན་ནའང་སྡེ་དམག་ཅིག་གིས་འདི་འདྲའི་ནུས་པ་ཞིག་ཐོན་པ་ཡིད་ལའང་དྲན་མེད། ད་ལྟ་བལྟས་སོང་ན་གོང་རིམ་རྩ་འཛུགས་ཀྱིས་ཁོ་ཚོ་སྡེ་དམག་ཏུ་བསྐོས་རྗེས། སྡེ་བའི་ནང་དུ་མི་དང་རླངས་འཁོར་ཆ་མེད་འདུར་རྒྱུག་བྱེད་པ་ཁྱོན་ནས་མེད་ལ། ད་དུང་སྡེ་བའི་ནང་དུ་རྐུ་འཕྲོག་བྱེད་པ་དང་ཤོ་རྒྱག་པ། ཁྱིམ་ཚང་གཉོམ་ཆུང་ལ་གཞན་གྱིས་བརྙས་བཅོས་བྱེད་པ་སོགས་གྱོད་དོན་ཆེ་མ་ཆུང་གསུམ་ཡང་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བཞིན་ཡོད། འདི་དག་ནི་སྡེ་དམག་གི་རྔུལ་ཆུས་བསྐྲུན་པའི་འབྲས་བུ་ཡིན་པ་སྡེ་མི་ཡོངས་ཀྱིས་ཀྱང་གསལ་པོར་ཤེས་ཡོད། མདོར་བསྡུས་ན་ཁོ་ནི་ད་ལྟ་རི་སྤྱང་འགོག་པའི་ཐོ་དང་ཇག་རྐུན་འགོག་པའི་དམག་ཅིག་ཡིན་ཞེས་བཤད་ཆོག་ཆོག་ཡིན་ཟེར།
འོམ་ཆུ་གྲོང་རྡལ་མངག་གཏོང་ཁང་གི་སོའོ་ཀྲང་ཝང་ཀྲི་བེ་ཡིས་བཤད་རྒྱུར། བློ་མཐུན་ཚེ་རིང་དོན་གྲུབ་ལ་མཚོན་ན་ངེད་མངག་གཏོང་ཁང་གི་ཁོངས་མི་སྟེ་སྡེ་དམག་ཅིག་ཡིན། ཁོ་ནི་སྤྱི་དམངས་ལ་བློ་དཀར་ཞིང་བྱ་བ་ཡོད་ཚད་དྲང་བདེན་གྱིས་བསྒྲུབས་པ། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་པའི་ཉེན་རྟོག་པ་ཚད་ལྡན་ཞིག་གི་མཚན་ཉིད་ཚང་ཡོད་པ་ཞིག་ཡིན་པ་དཔེར་ན།
གཅིག་ནས་སྤྱི་ཚོགས་བདེ་འཇགས་ཀྱི་ཐད་ནས་སྐོར་ཞིབ་བྱེད་པ་སྟེ། རྒྱལ་ཡོངས་གཅིག་གྱུར་གྱི་ངལ་གསོའི་དུས་སྐབས་དང་། ན་ནིང་སྟེ་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རྒྱལ་སྟོན་གྱི་དུས་སྐབས། ད་ལོའི་རིམས་ནད་འགོག་རྒོལ་གྱི་དུས་སྐབས་སོགས་སུ་ཁོས་མངོན་གསལ་གྱིས་ནུས་ཤུགས་ཆེན་པོ་བཏོན་ཏེ་འབྲས་བུ་བཟང་བོ་བླངས་ཡོད། ལྷག་པར་ད་ལོའི་རིམས་ནད་འགོག་རྒོལ་གྱི་སྐབས་སུ། ཏག་ཏག་ཁྱིམ་མི་ཚང་མ་ལྷན་དུ་འཛོམས་ནས་ལོ་སར་ལ་རོལ་བཞིན་པའི་སྐབས་ཡིན་མོད། ཡིན་ཡང་ཁོ་དེ་དག་ལ་སེམས་གཏན་ནས་མི་ཆགས་པར་སྡེ་འདབས་ཀྱི་བགྲོད་ལམ་སོ་སོར་མི་སྣ་རྩ་འཛུགས་བྱས་ཏེ་ཟླ་གསུམ་ལྷག་གི་རིང་ལ་ཕྱི་ཡོང་གི་མི་ནང་དུ་འགྲོ་རུ་མི་འཇུག་པ་དང་། ནང་གི་མི་ཕྱི་རུ་འགྲོ་མི་ཆོག་པའི་རྩ་དོན་ལྟར་ཉིན་མཚན་དབྱེར་མེད་དུ་འགག་སྒོ་ཐམས་ཅད་བརྟན་སྲུང་བྱས་པས། སྡེ་མི་ཡོངས་ཡིད་འགུལ་ཐེབས་བཞིན་ཡོད་དེ། མང་ཚོགས་ལ་ལས་རང་རང་གི་འཛོམས་ཚོད་ལྟར་འཚམས་འདྲིའི་དངོས་རྫས་ཙག་ཙིག་ཁོ་ཚོའི་ཞིབ་བཤེར་ས་ཚུགས་སུ་བསྐྱལ་བ་དེ་རྒྱབ་སྐྱོར་བྱེད་བཞིན་ཡོད།
གཉིས་ནས་རྩོད་གཞི་འདུམ་འགྲིག་བྱེད་པ་སྟེ། སྔོན་ཡིན་ན་ང་ཚོས་འགལ་འདུ་རྩོད་གཞི་ལ་དོ་སྣང་ཆེན་པོ་བྱེད་བཞིན་མེད། ད་ལྟ་ང་ཚོས་དེའི་ཕྱོགས་ལ་གཙིགས་ཆེན་བྱེད་བཞིན་ཡོད་དེ། རྒྱུ་མཚན་གྱོད་དོན་མང་ཆེ་ཤོས་ནི་ཁྱིམ་ཚང་ཕལ་བ་ཞིག་གི་འགལ་རྩོད་ཅིག་ལས་སྤྱི་ཚོགས་བདེ་འཇགས་ཀྱི་གྱོད་དོན་དུ་གྱུར་པ་ཡོད་ལ། ཐ་ན་དམངས་དོན་གྱོད་གཞི་ནས་ཉེས་དོན་གྱོད་གཞི་ལ་འགྱུར་བཞིན་པའང་ཡོད། དེའི་ཕྱོགས་ལ་ང་ཚོར་ཆད་ལྷག་ཅིག་ཡོད་པ་ནི་འདུམ་འགྲིག་རེད། དེ་བས་ཁོ་ཚོས་མངག་གཏོང་ཁང་དུ་འདུམ་འགྲིག་ཁང་ཞིག་བཙུགས་ནས་གྲོང་རྡལ་མངའ་ཁོངས་ཀྱི་འགལ་རྩོད་ཅི་ཞིག་ཡོད་པ་སྡེ་དམངས་ཨུ་ཡོན་ལྷན་ཁང་ནས་འདུམ་འགྲིག་བྱེད་མ་ཐུབ་པ་འདི་གར་ཁྲིད་ཡོང་ནས་བར་འདུམ་བྱས་ཏེ་ཐག་གཅོད་བྱ་ཅི་ཐབས་བྱེད་བཞིན་ཡོད། འདུམ་འགྲིག་ཁང་བཙུགས་པ་ནས་བཟུང་མངའ་ཁོངས་སུ་འབྱུང་བཞིན་པའི་གྱོད་དོན་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཡོད། བློ་མཐུན་ཚེ་རིང་དོན་གྲུབ་ཀྱིས་ད་ལྟའི་བར་དུ་འདུམ་འགྲིག་ལེགས་འགྲུབ་བྱུང་བའི་གྱོད་དོན་སྣ་ཚོགས་བཞི་བཅུ་ལྷག་ཡོད།
གསུམ་ནས་ཁྲིམས་ལུགས་དྲིལ་སྒྲོག་གི་ཐད་ནུས་པ་གལ་ཆེན་ཐོན་ཡོད་དེ། དཔེར་ན། ཉེ་བའི་ལོ་འགའི་རིང་བྱུང་དང་འབྱུང་བཞིན་པའི་དྲ་ལམ་ནས་མགོ་སྐོར་ཐེབས་པའི་གྱོད་གཞི་ཤིན་ཏུ་མང་བས། ཁོ་རང་འཕན་པོ་སྡེ་བའི་ཁྱིམ་ཚང་རེ་རེར་སོང་ནས་དེའི་ཕྱོགས་ལ་མཉམ་འཇོག་བྱ་དགོས་པའི་གལ་ཆེན་རང་བཞིན་ཞིབ་ཚགས་ཀྱིས་འཆད་བཞིན་ཡོད་ལ། དེ་མིན་ཁྲིམས་སྲོལ་དང་སྲིད་ཇུས་གསར་པ་ཡོད་ཚེ་དུས་ཐོག་ཏུ་དྲིལ་སྒྲོག་ཡིག་ཆ་བཟུང་སྟེ། སྡེ་བ་ཡོངས་ཀྱི་ཁྱིམ་སྒོ་ཉུལ་ནས་ཡིག་ཆའི་ནང་དོན་གསལ་འགྲེལ་བྱེད་བཞིན་ཡོད་པས་མང་ཚོགས་ལ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་དང་འདོན་བཞིན་ཡོད།
དུས་རྒྱུན་བྱ་བར་ཧུར་བརྩོན་དང་སྒྲིག་ལམ་བརྩི་སྲུང་བྱེད་པ། བྱ་བ་ནན་ཏན་གྱིས་བསྒྲུབས་པ། མང་ཚོགས་ཀྱི་མི་ལུས་བདེ་ཐང་དང་རྒྱུ་ནོར་བདེ་འཇགས་ལ་འགན་འཁུར་བ། དབང་པོ་སྐྱོན་ཅན་ལ་བྱ་བ་ཅི་ཡོད་སྒྲུབ་རོགས་བྱེད་པ་སོགས་ཀྱི་ཞབས་ཕྱི་མང་པོ་བསྒྲུབས་བཞིན་ཡོད་པས།ཁོ་ལ་མང་ཚོགས་ཀུན་གྱི་ཡིད་ཆེས་དང་ཁས་ལེན་ཐོབ་ཡོད། ཁོ་རང2014ལོར་སྡེ་བའི་ཉེན་རྟོག་པར་ཞུགས་པ་ནས་ད་བར་དུ་ཕལ་ཆེར་ལོ་རེ་རེར་རྫོང་དང་ཁུལ་རིམ་པའི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་བསྩོལ་བཞིན་ཡོད།
ལྷག་བསམ་དཀར་པོར་ཁས་ལེན་ཐོབ་པ།
ཚེ་རིང་དོན་གྲུབ་ནི་སྡེ་དམག་ཅིག་ཡིན་ལ། ད་དུང་རྐང་ཚ་རྫོང་གཙོས་ས་ཆ་གཞན་པའི་ནད་པ་དཀའ་ཁག་ཅན་སྨན་ཁང་ལ་ཁྲིད་མཁན་གྱི་མི་བུ་ལྷག་བསམ་ཅན་ཞིག་ཀྱང་ཡིན། རྒྱའི་སྐད་དང་ཡི་གེའི་ལམ་ནས་ཕན་ཚུན་བརྡ་འཕྲོད་པར་དཀའ་བའི་རོང་འབྲོག་མང་ཚོགས་ཁྲོད་ཀྱི་ནད་པ་ཞིག་ཞིང་ཆེན་རིམ་པའི་སྨན་ཁང་ལ་བསྟེན་དགོས་ཚེ་དཀའ་ཁག་ཅི་ཙམ་ཆེ་བ་ཀུན་གྱིས་ཤེས་གསལ་རེད།
འཕན་པོ་སྡེ་བའི་སྡེ་མི་ཀུན་བཟང་རྒྱལ་གྱི་ཨ་མར་ལོ་འགའི་སྔོན་དུ་མོ་ནད་བྱུང་སྟེ་སྨན་ཁང་གང་མང་ལ་བསྟེན་ཡང་མཇུག་མཐར་རེ་ཐག་ཆད་དེ་ཕྱིར་ཕ་ཡུལ་དུ་ལོག ཏག་ཏག་སྐབས་དེར་ཚེ་རིང་དོན་གྲུབ་ལ་འཕྲད་ནས་ནད་ཀྱི་རྒྱུ་མཚན་བཤད་དེ་རེ་ཐག་ཆད་ཡོད་པའི་སྨྲེ་ངག་བཏོན་ཚེ། ཚེ་རིང་དོན་གྲུབ་ཀྱི་ཡིད་ལ་ཐབས་བཀོལ་གསར་པ་ཞིག་དྲན་ཏེ། ཁོས་སྔོན་ཆད་ནད་པ་ཁྲིད་རོགས་བྱེད་དུས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་མོ་ནད་ཚན་ཁག་གི་སྨན་པ་ཞིག་ངོ་ཤེས་ཡོད་ལ། ཀུན་བཟང་རྒྱལ་གྱི་ཨ་མའི་ནད་ཐོ་ཚང་མ་སྨན་པ་དེར་བསྐུར་ནས་བཅོས་ཐབས་རེ་ཡོད་མེད་དྲིས་པར། སྨན་པས་མགྱོགས་མྱུར་ངང་ཁོ་ཡོད་སར་ཁྲིད་ཤོག་དང་རེ་བ་ཨེན་ཙམ་ཡོད་པར་བཤད་པས། ཁོ་ཚོས་གྲོས་ཐོག་གཅིག་ཏུ་བཞག་སྟེ་ཚེ་རིང་དོན་གྲུབ་ཀྱིས་རང་གི་རླངས་འཁོར་བསྐོར་ནས་དུས་ཐོག་ཏུ་ཟི་ལིང་དུ་ཆས། ཀུན་བཟང་རྒྱལ་གྱི་སེམས་སུ་རང་གི་ཨ་མ་ཚེ་མཇུག་ཏུ་དུས་ཚོད་ཅི་ཙམ་ལ་འདུག་ཐུབ་ནའང་རང་ཉིད་ཀྱིས་རྒྱུ་ཤུགས་དང་ལུས་ཤུགས་གང་རུང་འདོན་པར་ཕངས་སེམས་ཅི་ཡང་མེད་པར་བསམས་ཡོད། རྒྱ་གྲམ་དམར་པོ་སྨན་ཁང་དུ་མ་ཐོན་སྔོན་ནས་འབྲེལ་ཡོད་ཆེད་ལས་སྨན་པས་སྨན་ཁང་ནང་དུ་བཀོད་སྒྲིག་ལེགས་པོ་བྱས་ནས་མྱུར་སྐྱོབ་བྱ་དགོས་པའི་ནད་པ་དེར་སྒུག་ནས་བསྡད་ཡོད། སྨན་ཁང་དུ་ཐོན་མ་ཐག་ཀུན་བཟང་རྒྱལ་གྱི་ཨ་མ་མྱུར་སྐྱོབ་བྱེད་པར་དཀའ་ལས་ཕྲན་ཙམ་ཡང་མ་བྱུང་། དེ་ལྟར་ཉིན་འགར་སྨན་བཅོས་བྱས་པ་བརྒྱུད་ཁོའི་ཨ་མའི་ནད་གཞི་ཇེ་ལེགས་སུ་ཕྱིན་པས་ཁོ་ཚོའི་སེམས་པ་དགའ་སྤྲོ་དང་རེ་བས་ཁེངས་ཡོད། ཀུན་བཟང་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། ངའི་ཨ་མའི་ཚེ་སྲོག་གཉིས་པ་སྟེར་མཁན་གཙོ་བོ་ནི་ཨ་བོ་ཚེ་རིང་དོན་གྲུབ་ཡིན། ངས་ཁོང་གི་བཀའ་དྲིན་དེ་སྒོར་མོས་གཞལ་ཐབས་བྲལ་བ་ཞིག་ཡིན་ཞེས་བཤད།
དང་ཐོག་རང་རྫོང་གི་ནད་པ་ལྕི་མོའི་རིགས་ཀྱི་ཁྱིམ་མིས་ཚེ་རིང་དོན་གྲུབ་བཙལ་ནས་སྨན་ཁང་ལ་འགྲོ་རོགས་སུ་འབོད་པའི་གོམས་སྲོལ་ཞིག་ཆགས་ཡོད་ལ། རྗེས་སུ་རིམ་གྱིས་རྐང་ཚ་རྫོང་ལས་བརྒལ་ཏེ་ཁྱིམ་མཚེས་ཀྱི་རྫོང་ཁག་གཞན་དག་དང་ཐ་ན་ཁུལ་གཞན་པའི་ནད་པ་རྣམས་ཀྱིས་ཀྱང་ཁོ་རང་བཙལ་ནས་རོགས་བྱེད་དུ་འཇུག་བཞིན་ཡོད། དེ་དག་གི་ཁྲོད་ན་བོད་རིགས་དང་རྒྱ་རིགས། སོག་རིགས་དང་ཁ་ཆེ་རིགས་སོགས་ཡོད་ཅིང་། མ་གཞི་ཁོ་རང་ནི་གཞུང་རྒྱུད་དྲང་ཞིང་ནམ་ཡང་གཞན་ཕན་གྱི་ལྷག་བསམ་རྒྱུད་ནས་དོར་མ་མྱོང་བའི་རྩྭ་ཐང་གི་ཕོ་རྒོད་ཅིག་ཡིན་པས། མི་རིགས་དང་ཡུལ་ཁོངས་ལ་ཁྱད་པར་མེད་པར་ནམ་རྒྱུན་རང་གི་གཉེན་ཉེ་དང་འདྲ་བར་སྨན་ཁང་དུ་སྟོན་རོགས་བྱེད་བཞིན་ཡོད་པས་ཀུན་གྱི་ཡིད་སེམས་བརླན་པར་བྱས་ཡོད།འདི་ནི་ཁོའི་ཚབ་མཚོན་རང་བཞིན་གྱི་རོགས་རམ་བྱས་པ་ཐེངས་གཅིག་ཡིན་ལ།ཁོས་ད་ལྟའི་བར་དུ་ས་ཕྱོགས་གང་ཡིན་གྱི་ནད་པ་སུམ་བརྒྱ་ལྷག་ལ་རོགས་རམ་བྱས་མྱོང་ཟེར།
ཚེ་རིང་དོན་གྲུབ་ཀྱིས་རང་གི་ལས་ཀར་ཧུར་བརྩོན་བྱེད་པའི་ཞོར་དུ། ཉེ་འཁོར་གྱི་མི་རྣམས་ལ་སྟོབས་ཤུགས་ཡོད་རྒུས་སྲི་ཞུ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ཁོ་ནི་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ།དབུལ་ཐར་འགག་སྒྲོལ་བཅས་ཀྱི་སྣེ་ཁྲིད་མཁན་ཞིག་རེད་ཅེས་ཀྱང་བཤད་ཆོག་གོ །