“རྩྭ་ཐང་གི་ཁྲིམས་ཁྱབ་དྲིལ་སྒྲོག་ཟླ་བའི”བྱ་འགུལ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་སྤེལ་བ།
ད་ལོ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》ཁྱབ་སྒྲོག་ལག་བསྟར་བྱས་ནས་ལོ་འཁོར35ལོན་པའི་ལོ་རེད། ཉེ་ཆར“ཁྲིམས་ལྟར་རྩྭ་ཐང་སྲུང་སྐྱོང་། མཛེས་སྡུག་མཚོ་སྔོན་འཛུགས་སྐྲུན”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི“རྩྭ་ཐང་གི་ཁྲིམས་ཁྱབ་དྲིལ་སྒྲོག་ཟླ་བའི”བྱ་འགུལ་མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་འགྲམ་དུ་སྤེལ་ཅིང་། སྔར་ལས་ལྷག་པའི་སྒོ་ནས་རྩྭ་ཐང་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་དང་། རྩྭ་ཐང་སྲུང་སྐྱོང་སྐོར་གྱི་ཤེས་བྱ་ཁྱབ་སྤེལ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་རྩྭ་ཐང་སྲུང་སྐྱོང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་འདུ་ཤེས་ཇེ་མཐོར་གཏོང་བར་ཤུགས་སྣོན་བྱས།
ཉིན་དེའི་བྱ་འགུལ་གྱི་ནང་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས། གྲོང་ཁྱེར་དང་ཁུལ་ཁག་གི་ནགས་རྩྭ་བདག་སྐྱོང་བ། འབྲོག་པའི་འཐུས་མི་དང་མཚོ་སྔོན་པོའི་ཡུལ་སྐོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་སྐྱེ་ཁམས་སྲུང་སྐྱོང་དང་བླངས་པ་སོགས་མི200ལྷག་གིས་དང་བླངས་ཞབས་ཕྱིའི་རྣམ་པའི་ཐོག་ནས། རྩྭ་ཐང་བཅའ་ཁྲིམས་ཁྱབ་གདལ་དང་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དྲིལ་སྒྲོག་གི་བྱ་འགུལ་སྤེལ་བ་རེད། སྐྱེ་ཁམས་དོ་དམ་སྲུང་སྐྱོང་བའི་འཐུས་མི་དང་འབྲོག་པའི་འཐུས་མི་སོ་སོས་ཁས་ལེན་དང་གྲོས་གཞི་བཏོན་ཞིང་། ནགས་རྩྭ་ཁྲིམས་བསྟར་མི་སྣས་ཡུལ་དངོས་སུ་དམ་བཅའ་བཞག་པ་རེད།
ཉིན་དེའི་ཕྱི་དྲོར། ལག་རྩལ་མི་སྣའི་མཛུབ་ཁྲིད་འོག་དང་བླངས་པ་ཚོས་རྩྭ་ལ་དགའ་བ་དང་རྩྭ་འདེབས་པའི་བྱ་འགུལ་སྤེལ་བ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ་སྐབས། རང་ཞིང་གི་ས་གནས་ཁག་གིས་བྱ་འགུལ་སྣ་ཚོགས་སྤེལ་བ་བརྒྱུད་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》། 《མཚོ་སྔོན་ཞིང་ཆེན་གྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས〉ལག་བསྟར་བྱེད་ཐབས》སོགས་དྲིལ་སྒྲོག་གཏིང་ཟབ་བྱ་རྒྱུ་དང་། མང་ཚོགས་ལ་རྩྭ་ཐང་དུ་ཕྱུགས་འཚོ་མཚམས་འཇོག་པ་དང་རྩྭ་ཕྱུགས་དོ་མཉམ་ཡོང་བ་སོགས་རྩྭ་ཐང་སྲུང་སྐྱོང་སྲིད་ཇུས་མཚམས་སྦྱོར་བྱས།
དེའི་ཐད་ནས། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་རྩྭ་ཐང་ཁྲུའུ་ཡི་ཁྲུའུ་ཀྲང་ཚའེ་ཕེ་ཡོན་གྱིས་བཤད་རྒྱུར། མིག་སྔར། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་ཚུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཁོངས་གཏོགས་ལས་ཁྭངས་ཀྱིས་ཐེངས་འདིའི་བྱ་འགུལ་གོ་སྐབས་སུ་བཟུང་སྟེ། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་བཟང་བོ་དེ་འབྲོག་པའི་འཚོ་བའི་ཆུ་ཚད་དང་ཐོན་སྐྱེད་བྱེད་ནུས་ཀྱི་འཕར་གཞི་གསར་པར་འགྱུར་གང་ཐུབ་བྱ་དགོས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་རྟེན་ས་གསར་པ་ཞིག་ཏུ་གྱུར་ཡོད། ནགས་ལས་དང་རྩྭ་ཐང་ལས་བྱེད་པའི་གཟུགས་བརྙན་བཟང་བོ་མངོན་པའི་ཤུགས་རྒྱག་ས་གསར་པ་ཞིག་ཏུའང་གྱུར་ཅིང་། ང་ཚོས་མཉམ་དུ་དུས་རབས་གསར་པའི་སྐྱེ་ཁམས་སྲུང་སྐྱོང་དང་། དམངས་ཚིས་ལེགས་བཅོས། ལྗང་མདོག་འཕེལ་རྒྱས། ཞི་མཐུན་བརྟན་བརླིང་བཅས་ཀྱི་མཚོ་སྔོན་རྩྭ་ཐང་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམ་དགོས་ཟེར།